ཚོང་འབྲེལ་ཆོག་ཐམ་ གླར་སྤྱོད་འབད་བཅུག་མི་༡ ལུ་ ཉེས་ཁྲིམས་བཀལ་ཡོདཔ།

༉ ཕུན་ཚོགས་གླིང་ལུ་ ཚོང་འབྲེལ་འཐབ་སྡོད་མི་ཅིག་གིས་ སྤྱི་ལོ་༢༠༡༦ ལུ་ ཁོ་རའི་ཚོང་འབྲེལ་ཆོག་ཐམ་དེ་ ཕྱི་མི་ལུ་ གླར་སྤྱོད་འབད་བཅུག་མི་ལུ་བརྟེན་ ཕུན་ཚོགས་གླིང་དྲུང་ཁག་ཁྲིམས་འདུན་གྱིས་ ཚོང་པ་དེ་ལུ་ ཉེས་ཁྲིམས་བཀལ་ཡོདཔ་ཨིན་པས།
སྤྱི་ཟླ་༤ པའི་ཚེས་༣ ལུ་ བཏོན་མི་ འཁྲུན་ཆོད་དང་འཁྲིལཝ་ད་ བཀྲིས་སྒང་ར་ལྡི་ལས་ སྐྱེས་ལོ་༤༠ ལང་མི་ ཀུན་བཟང་ཚེ་རིང་གིས་ ཁོ་རའི་གནས་ཚང་གི་ ཨའི་གི་མིང་ཐོ་ཁར་ ཝའི་པི་ཆང་ཁང་གི་དོན་ལུ་ ཆོག་ཐམ་ལེན་ཡོད་མི་དེ་ ཕྱི་མི་སཱན་ཇེ་པཱལ་ལུ་ གླ་ཁར་སྤྱོད་བཅུག་ཡོདཔ་ཨིན་པས།
ཀུན་བཟང་ཚེ་རིང་གིས་ སྤྱི་ལོ་༡༩༩༧ གྱི་ བཟོ་གྲྭ་དང་ ཚོང་འབྲེལ་འཐབ་ནིའི་ སྤྱིར་བཏང་ལམ་སྟོན་གྱི་ དོན་ཚན་༦.༡ པའི་ཀ་དང་ཁ་པ་ལས་ འགལ་ཡོད་པའི་ཁར་ དོན་ཚན་༣ པ་དང་ འགལ་ནུག་ཟེར་བཀོད་ནུག།
ལམ་སྟོན་དང་འཁྲིལཝ་ད་ ཚོང་འབྲེལ་ཆོག་ཐམ་དེ་ ཕྱི་མི་ལུ་ གླ་ཁར་སྤྲོད་མ་ཆོགཔ་ལས་ ཁྲིམས་འདུན་གྱིས་ ཀུན་བཟང་ཚེ་རིང་ལུ་ ཉེས་བྱ་དངུལ་ཀྲམ་༡༠,༠༠༠ བཀལ་་ཏེ་ ཆོག་ཐམ་ཆ་མེད་བཏང་ཡོདཔ་མ་ཚད་ ཆོག་ཐམ་གྱི་གླ་འཐུས་ དངུལ་ཀྲམ་༡༠༠,༠༠༠ ལེན་ཡོད་མི་དེ་ གཞུང་ལུ་སོར་ཆུད་འབད་དགོ་པའི་ བཀའ་རྒྱ་གནང་ནུག།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཁྲིམས་འདུན་ལུ་ ཞུ་མིའི་ནང་ འབྲུག་མི་ཚུ་གི་ མིང་ཐོ་ཁར་ཡོད་མི་ ཚོང་འབྲེལ་ཆོག་ཐམ་ཚུ་ ཕྱི་མི་ལུ་ གླར་སྤྱོད་འབད་བཅུག་མི་དེ་གིས་ ཕུན་ཚོགས་གླིང་ལུ་ ཚོང་འབྲེལ་འཐབ་སྡོད་མི་ཚུ་གི་ འཚོ་བའི་གནས་སྟངས་ལུ་ ཐོ་ཕོག་སྟེ་ཡོདཔ་མ་ཚད་ རྒྱ་གར་གྱི་ཏི་རུ་ རུ་པི་ཕྱི་ཁར་ འབོར་ཆེ་ཏོག་ཏོ་སྦེ་འགྱོ་བའི་ གནོད་པ་འདུག་ཟེར་ཨིན་པས།
ཚོང་ཁང་དེ་ནང་ལས་ འཕྱོག་བཟུང་འབད་མི་ ཚོང་ཆས་རིན་བསྡུར་འབད་མི་ལས་ དངུལ་ཀྲམ་༢,༠༢༩,༩༩༡ ཐོབ་ཡོདཔ་ད་ ཁྲིམས་འདུན་གྱིས་ རིན་བསྡུར་འབད་བའི་སྐབས་ ཟད་འགྲོ་དངུལ་ཀྲམ་༡༥,༣༥༢ གནས་ཡོད་མི་དེ་ བཏོག་བཞག་པའི་ཤུལ་ལས་ ལྷག་ལུས་མ་དངུལ་ཚུ་ གཞུང་ལུ་ བཙུགས་དགོ་པའི་ བཀའ་རྒྱ་བཏོན་ཡོདཔ་ཨིན་པས།
སཱན་ཇེ་པཱལ་གྱིས་ རིན་བསྡུར་འབད་མི་ལས་ཐོབ་མི་ མ་དངུལ་ཚུ་ ཐོབ་བརྗོད་བཀོད་ཡོད་རུང་ ཁྲིམས་འདུན་གྱིས་འབད་བ་ཅིན་ ཁོ་ལུ་ ཚོང་འབྲེལ་འཐབ་ནིའི་ དབང་ཆ་མེད་རུང་ ཚོང་འབྲེལ་འཐབ་ཡོད་མི་དེ་ ཁྲིམས་འགལ་ཨིནམ་ལས་ ཁོ་ལུ་ ཏི་རུ་འཐོབ་ནིའི་ དབང་ཆ་མེད་ཟེར་ འཁྲུན་ཆོད་ནང་བཀོད་ནུག།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཀུན་བཟང་ཚེ་རིང་ལུ་ ཡིག་ཆ་རྫུས་བཟོའི་ ཉེས་འཛུགས་འབད་མི་དེ་ ཁྲིམས་འདུན་ལས་ ངོས་ལེན་མ་མཛད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *