ཚོང་འབྲེལ་ཆོག་ཐམ་ གླ་ཁར་བཏང་མིའི་རྩོད་བཤེར་ནང་ མི་༢ ལུ་ བཙོན་ཁྲིམས་བཀལ་ཡོདཔ།

༉ ཕུན་ཚོགས་གླིང་དྲུང་ཁག་ཁྲིམས་འདུན་གྱིས་ རྒྱ་གར་གྱི་ མི་ཁུངས་ཅིག་དང་ འབྲུག་པའི་ སྒེར་གྱི་ཅ་དམ་ཉོགས་སེལ་ངོ་ཚབ་ཀྱི་ ལས་བྱེདཔ་ཅིག་ལུ་ ཅ་དམ་རྫུས་མའི་ ཐོབ་བརྗོད་བཀོད་པའི་ཉེས་འཛུགས་ཐོག་ ཉེས་ཁྲིམས་བཀལ་ཡོདཔ་ཨིན་པས།
ཝི་ཀཱཤ་ ཨ་གར་ཝཱལ་གྱིས་ བསྟན་འཛིན་རྡོ་རྗེའི་ མིང་ཐོ་ཁར་ཡོད་མི་ ཚོང་འབྲེལ་ཆོག་ཐམ་དེ་ གླ་ཁར་ལེན་ཏེ་ ཕུན་ཚོགས་གླིང་ཁྲོམ་ཁར་ ཀུན་གྲུབ་ཚོང་ལས་ཁང་གི་ མིང་ཐོ་ཁར་ ཐོ་བཀོད་འབད་ཡོདཔ་ཨིན་པས།
ཁོ་གིས་ སྒེར་གྱི་ཅ་དམ་ཉོགས་སེལ་ལས་སྡེའི་ལས་བྱེདཔ་ རྡོ་རྗེ་དབང་མོ་དང་གཅིག་ཁར་ མགུ་མཐུད་རྐྱབ་ཐོག་ལས་ ཅ་དམ་གྱི་ཡིག་ཆ་རྫུས་མ་བཟོ་སྟེ་ དངུལ་ཀྲམ་༤༡,༨༨༤,༦༣༥ ཐོབ་བརྗོད་བཀོད་ཡོདཔ་ཨིན་པས།
ཁྲིམས་འདུན་གྱིས་ ཁྲིམས་བཤེར་འབད་བའི་སྐབས་ འོང་མ་བཏུབ་མི་ ཝི་ཀཱཤ་ ཨ་གར་ཝཱལ་ལུ་ བཙོན་ཁྲིམས་ལོ་༢ དང་ཟླཝ་༡༠ བཀལ་ཡོདཔ་ད་ ཁོ་གིས་ ཁྲིམས་འདུན་ལུ་ སྙན་གསན་ཚུ་འབད་བའི་སྐབས་ ཚར་གཅིག་ཡང་ འོང་མ་བཏུབ་པའི་ཁར་ ཁོ་གིས་ ཚོང་འབྲེལ་དེ་ ལོ་ཕྱེད་དང་༢ ཀྱི་རིང་ འབད་ཡོདཔ་ཨིན་པས།
བཙོན་ཁྲིམས་དེ་ཡང་ མིང་རྟགས་རྫུས་མ་རྐྱབ་མི་དང་ ཡིག་ཆ་སྐྱོན་ཞུགས་འབད་མི་ དེ་ལས་ གཞན་ཡང་ ཚུལ་མིན་གྱི་བྱ་ངན་འབད་བའི་ ཉེས་འཛུགས་བཀལ་ཡོདཔ་ཨིན་པས།
ཁོ་ལུ་ ཉེས་འཛུགས་ཁག་༣༩༧ བཀལ་ཡོད་མི་དེ་ ཁྲིམས་འདུན་གྱིས་ བཙོན་ཁྲིམས་སྟབས་གཅིག་ཁར་ བཏབ་ཆོག་པའི་ ཁྲིམས་བཀལ་ཡོདཔ་ད་ ཁོ་གིས་ ཁོ་རའི་རྩིས་ཁྲ་ནང་ དངུལ་ཀྲམ་༤༡,༨༨༤,༦༣༥ བཙུགས་ཡོད་མི་དེ་ རྒྱལ་ཡོངས་དངུལ་ལས་དབང་འཛིན་གྱིས་ སྤྱི་ལོ་༢༠༡༢ ལུ་ རྒྱ་གར་གྱི་ཏི་རུ་ རུ་པི་ལག་ལེན་དོན་ལུ་ ལམ་སྟོན་བཟོ་མིའི་ དོན་ཚན་ཏ་པ་གི་༡༠ པའི་དང་པ་དང་འཁྲིལ་ ཁོ་ལུ་ དངུལ་ཀྲམ་༨༣,༧༦༩,༢༧༠ གཞུང་ལུ་ སོར་ཆུད་འབད་དགོ་པའི་ བཀའ་རྒྱ་བཏོན་ཡོདཔ་ཨིན་པས།
རྡོ་རྗེ་དབང་མོ་ལུ་ ཡིག་ཆ་སྐྱོན་ཞུགས་དང་འབྲེལ་བའི་ ཉེས་འཛུགས་ཁག་༦༧ འབད་ཡོད་མི་ལུ་ མོ་གིས་ ཁྲིམས་འདུན་ལུ་ བྱ་ངན་དེ་ ཤེས་བཞིན་དུ་མ་འབད་ཟེར་ ཞུ་ཡོད་པའི་ཁར་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ མོ་གིས་ ཝི་ཀཱཤ་ ཨ་གར་ཝཱལ་ལས་ འཐུས་སྦེ་ དངུལ་ཀྲམ་ས་ཡ་༠.༡༢༥ ལེན་ནུག་ཟེར་ ཉེས་འཛུགས་འབད་ཡོད་རུང་ ཁྲིམས་འདུན་གྱིས་ ཉེས་འཛུགས་དེ་ལུ་ ངོས་ལེན་འབད་མ་ཚུགས་ཟེར་བཀོད་ནུག།
རྡོ་རྗེ་དབང་མོ་གིས་ ཁྲིམས་འདུན་ལུ་ མོ་གིས་ དངུལ་ཀྲམ་༤༠,༠༠༠ ལེན་ཡོདཔ་སྦེ་ ཞུ་ཡོདཔ་ལས་ ཁྲིམས་འདུན་གྱིས་ མ་དངུལ་དེ་ གཞུང་ལུ་སོར་ཆུད་འབད་དགོ་པའི་ བཀའ་རྒྱ་གནང་ཡོདཔ་ད་ མོ་ལུ་ཡང་ ཉེས་འཛུགས་ཁག་༦༧ བཀལ་ཡོད་མི་དེ་ཡང་ སྟབས་གཅིག་ཁར་སྦེ་ བཙོན་ཁྲིམས་ཟླཝ་༡༨ སྨིན་དགོ་ནི་ཨིནམ་ད་ ཁོང་གཉིས་ཆ་ར་གིས་ བཙོན་ཁྲིམས་ཀྱི་ཚབ་ལུ་ ཁྲིམས་འཐུས་བཏབ་ཆོག་ནི་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ སྤྱི་ལོ་༢༠༡༦ གི་ཟླཝ་༥ པའི་ནང་ རྩོད་བཤེར་དེ་ ཁྲིམས་འདུན་ལུ་ བཙུགས་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *