ཚོང་འབྲེལ་གྱི་མནོ་ལུགས་ བསྒྱུར་བཅོས་འབད་དགོཔ།

༉ འབྲུག་ལུ་ ཚོང་འབྲེལ་འཐབ་བཅུག་ནི་གི་ ཐབས་ལམ་བཏོན་མི་དེ་ ལམ་ལུགས་གསརཔ་ཅིག་མེན་རུང་ འཕྲལ་ཁམས་ཅིག་ཁར་ གསལ་སྟོན་འབད་མི་ ལས་གཡོག་ལྷན་ཁག་གི་ བརྟག་ཞིབ་སྙན་ཞུ་དང་འཁྲིལཝ་ད་ མི་སྡེ་དང་ དཔལ་འབྱོར་གྱི་ གནས་སྟངས་ཚུ་ལུ་བརྟེན་ ཚོང་ལཱ་གསར་བཙུགས་ཀྱི་ འོས་འབབ་ལེགས་ཤོམ་མིན་འདུག་ཟེར་ཨིན་མས།
མ་གཞི་ འབྲུག་མི་ཚུ་གི་ མི་ཚེའི་གནས་སྟངས་འདི་ མི་སྡེ་དང་ ལམ་སྲོལ་ལམ་ལུགས་དང་འཁྲིལ་ འགྱོ་དོ་ཡོདཔ་ཨིན་རུང་ ཤེས་རིག་སྤེལ་ཁང་ཚུ་ལས་ ལས་གཡོགཔ་ཚུ་ ཐོན་སྐྱེད་འབད་དོ་ཡོདཔ་ལས་ སྲིད་བྱུས་རྩམ་མི་དང་ ཤེས་རིག་འགོ་དཔོན་ཚུ་གིས་ སློབ་གྲྭ་ཚུ་ནང་ ཚོང་ལཱ་དང་འབྲེལ་བའི་ བརྩི་མཐོང་ཚུ་ སློབ་ཕྲུག་ཚུ་གི་ རྒྱུད་ལུ་བཙུགས་དགོཔ་སྦེ་ བརྟག་ཞིབ་སྙན་ཞུ་ནང་ གྲོས་འདེབས་བཀོད་ནུག།
རྒྱལ་ཁབ་ནང་ ཚོང་ལཱ་ཚུ་ ཡར་རྒྱས་གཏང་ནི་གི་ བརྩོན་ཤུགས་བསྐྱེད་པའི་ ནམ་དུས་ལུ་ བརྟག་ཞིབ་འབད་མི་དེ་ཡང་ གྲོང་གསེབ་ཚོང་ལས་གོང་འཕེལ་ལས་འཛིན་འདི་ རྩོད་རྙོགས་དང་བཅསཔ་སྦེ་ འགོ་བཙུགས་ཡོད་རུང་ སྐྱིན་འགྲུལ་གྱི་ གོ་སྐབས་འཇམ་ཏོང་ཏོ་བཟོ་སྟེ་ ལཱ་གཡོག་མེད་མི་ཚུ་གི་ ཚོང་འབྲེལ་རིག་རྩལ་ཚུ་ གཡོག་བཀོལ་བཅུག་ཐབས་ལུ་ སྐྱིན་འགྲུལ་བྱིན་ནི་ འགོ་བཙུགས་ཡོད་མིའི་གུ་ གཙོ་རིམ་ལས་སྡེ་སྐྱིན་འགྲུལ་དེ་ཡང་ ཚོང་ལཱ་གསརཔ་ འགོ་བཙུགས་འདོད་ཡོད་མི་དང་ གསར་གཏོད་འབད་མི་ཚུ་གི་དོན་ལུ་ ལྷན་ཐབས་འབད་ནི་ འགོ་བཙུགས་ཏེ་འདུག།
ཨིན་རུང་ ལས་རིམ་དེ་ཚུ་ ད་ལྟོ་འགོ་བཙུགསཔ་ཅིག་ར་ཨིནམ་ལས་ ངོས་ལེན་འབད་མི་ གངམ་མ་ཐོན་པས། རྫོང་ཁག་ལ་ལོ་ཅིག་གིས་ ཚོང་འབྲེལ་གྱི་ གྲོས་འཆར་འཐོབ་ནི་ འགོ་བཙུགས་ཡོདཔ་མ་ཚད་ རེ་རེ་གཉིས་གཉིས་ལུ་ སྐྱིན་འགྲུལ་འཛིན་གྲོལ་འབད་ཡོད་རུང་ གཙོ་རིམ་ལས་སྡེ་སྐྱིན་འགྲུལ་དེ་ ད་ཚུན་གྱི་བར་ན་ ཡོངས་གྲགས་ཅིག་ འགྱོ་མ་ཚུགས་པས།
དེ་གི་ནང་དོན་ཉིད་ལས་ དངུལ་འབྲེལ་ལས་ཁང་ཚུ་གིས་བྱིན་མི་ གཙོ་རིམ་ལས་སྡེ་སྐྱིན་འགྲུལ་དང་ཕྱདཔ་ད་ གྲོང་གསེབ་ཚོང་ལས་གོང་འཕེལ་ལས་འཛིན་གྱི་ སྐྱིན་འགྲུལ་ལས་འཆར་ལུ་ མི་སེར་ཚུ་གིས་ གདམ་ཁ་རྐྱབ་མི་དེ་ཡང་ དངུལ་སྐྱེད་ལོག་ལྟབ་ལྷགཔ་ཅིག་ ཉུང་མི་ལུ་བརྟེན་ཨིན་མས། ད་རུང་ རྫོང་ཁག་ལ་ལོ་ཅིག་ནང་ གཙོ་རིམ་ལས་སྡེའི་ སྐྱིན་འགྲུལ་ལེན་ནིའི་དོན་ལུ་ ཚོང་འབྲེལ་གྲོས་འཆར་བཙུགས་མི་ ཕུད་རྡོག་གཅིག་ཡང་ མ་ཐོན་པའི་ཁར་ ལ་ལོ་ནང་ སྐྱིན་འགྲུལ་ཚོགས་ཆུང་གི་ འཐུས་མི་མང་ཤོས་ར་ བཙག་འཐུའི་སྒྲིག་གཡོག་ནང་ཡོདཔ་ལས་ ཞལ་འཛོམས་འཚོགས་མ་ཚུགས་པར་ལུས་ནུག།
འདི་བཟུམ་མའི་ གནས་སྟངས་ནང་ མི་སྡེ་གིས་ ཚོང་ལཱ་འཐབ་མི་ཚུ་ལུ་ རྒྱབ་སྐྱོར་འབད་དགོཔ་ཡོདཔ་ད་ བརྟག་ཞིབ་སྙན་ཞུ་དང་འཁྲིལཝ་ད་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ མང་ཤོས་ཅིག་གིས་ར་ ཚོང་ལཱ་ཅིག་ འགོ་བཙུགས་ནི་དེ་ ཟད་འགྲོ་ལྕི་དྲགས་གནས་ནི་ཨིནམ་ལས་ མི་སྡེའི་མཐུན་ལམ་དང་ རྒྱབ་སྐྱོར་སྒྲིང་སྒྲི་དགོཔ་འདུག་ཟེར་ སླབ་མི་དེ་ལུ་ བདེན་ཁུངས་ཡོད་མི་དེ་ཡང་ ང་བཅས་རའི་ ཨ་ལོ་ཚུ་ འདི་བཟུམ་མའི་ མནོ་ལུགས་གནས་སྟངས་ནང་ ཕོཝ་རྒྱགས་པའི་ཁར་ ཁོང་གི་ཚེ་གཡོག་གདམ་ཁ་རྐྱབ་ཐངས་སྐོར་ བརྡ་དོན་སྤྲོད་དེ་ ཚོང་ལཱ་འབད་བཅུག་པ་ཅིན་ གདོང་ལེན་འབྱུང་སྲིད་ནི་ཨིན་མས།
འདི་བཟུམ་མའི་ གདོང་ལེན་ཚུ་ཡོད་རུང་ གྱངས་ཁ་ཚུ་ལུ་ བལྟ་བ་ཅིན་ ཡར་དྲག་སོང་སྟེ་ཡོདཔ་ད་ སྙན་ཞུ་དང་འཁྲིལ་བ་ཅིན་ འཆར་གཞི་༡༠ པ་དང་༡༡ པའི་ནང་ ཚོང་ལཱ་གསརཔ་༤༤༤ འགོ་བཙུགས་ཡོདཔ་མ་ཚད་ ཞི་བའི་མི་སྡེ་ལས་ཚོགས་ཚུ་གིས་ཡང་ ཚོང་ལཱ་འབད་མི་ཚུ་ལུ་ རྒྱབ་སྐྱོར་འབདཝ་ཨིན་མས།
ཚོང་ལཱ་འཐབ་མི་ཚུ་ ལེགས་བསྒྱུར་འབད་མི་ ངོ་ཚབ་བཟུམ་ཅིག་ བརྩི་འཇོག་འབད་མི་དེ་ཡང་ ཁོང་གི་ ཐབས་རིག་གསར་གཏོད་ལུ་བརྟེན་ ལཱ་གཡོག་གི་ གོ་སྐབས་བཟོ་བའི་ཁར་ དཔལ་འབྱོར་གོང་འཕེལ་ལུ་ ལྷན་ཐབས་འབད་ནི་དེ་གིས་ཨིན། འདི་འབདཝ་ལས་ ན་གཞོན་ཚུ་ལུ་ རིག་སྟོབས་དང་ རིག་རྩལ་ཡོད་རུང་ དེ་ཚུ་ གཡོག་བཀོལ་བཅུག་ནིའི་དོན་ལུ་ ཚོང་འབྲེལ་གྱི་ གནས་སྐབས་བཏོན་ནི་དང་ ཁུངས་གཏུགས་འབད་སའི་ ཚོང་འབྲེལ་ཞིབ་འཇུག་ལྟེ་བ་ཅིག་ གཞི་བཙུགས་འབད་དགོཔ་འདུག།
མ་དངུལ་དང་ ལམ་སྟོན་འབད་མི་མེད་པ་ཅིན་ ཚོང་ལཱ་ཚུ་ འཇམ་ཏོང་ཏོ་སྦེ་ འགོ་བཙུགས་མི་ཚུགས། ཨིན་རུང་ སྲིད་དོན་གྱི་ཧོངས་ལས་ རྒྱབ་སྐྱོར་དང་ ན་གཞོན་ཚུ་ལུ་ ཚོང་འབྲེལ་ནང་ ཤུགས་བཏོན་ནིའི་ ཐབས་ལམ་བཏོན་པའི་བསྒང་ཡོད་མི་ཚུ་ལུ་ མི་སྡེ་གིས་ཡང་ མཉམ་འབྲེལ་ཐོག་ ལཱ་འབད་དེ་ ཚོང་འབྲེལ་གནས་སྟངས་ ལེགས་ཤོམ་བཟོ་དགོཔ་འདུག།

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *