ཚོང་མགྲོན་པ་དང་ ཁྱིམ་གླ་ཁར་ལེན་མི་ཚུ་ འོང་ནིའི་དོན་ལུ་ མཐུན་རྐྱེན་གསརཔ་དགོཔ།

༉ ཧེ་མ་ ཚོང་པ་ཚུ་གིས་ གཞུང་ལམ་བདའ་སྟེ་ སྦ་སྒོར་ཚུ་ནང་ ཚོང་བཙོང་སྡོད་ནི་ཡོད་ས་ལས་ ད་རེས་ནངས་པར་ མཛེས་ཆ་ལྡན་པའི་ སྒྲིང་ཁྱིམ་ཐོག་ཚད་༢ དང་༣ འབད་མི་ཚུ་ནང་ལས་ ཚོང་བཙོང་སར་མཐོང་མི་ལུ་བལྟ་བ་ཅིན་ འཆར་གཞི་ནང་ཚུད་དེ་ ལོ་ངོ་བཅུ་ཕྲག་ལས་ལྷག་མི་ ལྷུན་རྩེ་ཁྲོམ་དེ་ འདས་པའི་ལོ་དག་པ་ཅིག་ནང་ གོང་འཕེལ་འགྱོ་བའི་ རྟགས་མཚན་ཨིན་པས།

ལྷུན་རྩེ་ལུ་ ཁྲོམ་གསརཔ་ཆགས་མི་ ཕག་གླིང་ཁྲོམ་ཁར་ སྤྱི་ལོ་༢༠༠༨ ལུ་ ས་ཚན་ཚུ་ བགོ་བཀྲམ་འབད་ཡོད་རུང་ འདས་པའི་ལོ་དག་པ་ཅིག་གི་ ཧེ་མ་རྐྱངམ་གཅིག་ སའི་ཇོ་བདག་ཚུ་གིས་ ཁྱིམ་རྐྱབ་ནི་འགོ་བཙུགས་ཡོདཔ་ད་ ད་རེས་ནངས་པར་ ས་ཚན་ཐོབ་མི་༢༨ ཡོད་ས་ལས་༡༨ ཀྱིས་ སྒྲིང་ཁྱིམ་ཚུ་རྐྱབ་ཡོདཔ་མ་ཚད་༡ གིས་ སྒྲིང་ཁྱིམ་བཟོ་སྐྲུན་འབད་བའི་བསྒང་འདུག།

ཁྲོམ་གསརཔ་ནང་ སྒྲིང་ཁྱིམ་རྐྱབ་ནི་འགོ་བཙུགས་པའི་ཤུལ་ལས་ ཁྲོམ་ཁར་ ཡུན་རིང་གི་ སྡོད་ཁྱིམ་མ་ལང་པའི་དཀའ་ངལ་ལུ་བརྟེན་ མང་ཤོས་ཅིག་ སྦ་སྒོར་ནང་ གདོང་ལེན་ཅན་སྦེ་ སྡོད་དགོ་པའི་དཀའ་ངལ་དེ་ཡང་ བསལ་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ ཁྲོམ་ཁར་ གོང་འཕེལ་གྱི་ལས་སྣ་ ཀི་ལོ་མི་ཊར་ཕྱེད་དང་༣ དེ་ཅིག་འབད་མི་ ཁྲོམ་ལམ་རྒྱ་སྐྱེད་ཀྱི་ལཱ་ཚུ་ཡང་ འབད་བཞིན་དུ་ཡོདཔ་ད་ ཁག་འབགཔ་གིས་ ལམ་རྒྱ་སྐྱེད་དང་ ནགས་སྐྱེ་ཐང་གི་རྩ་བར་ཡོད་པའི་ ལེགས་པ་སྒང་རོང་ཆུ་བདའ་སྟེ་ ཆུ་བྱག་རྐྱབ་ནི་ ཁྲོམ་ལམ་བདའ་སྟེ་ ཆུ་གཡུར་རྐྱབ་ནི་ལ་སོགས་པ་ཚུ་ སྤྱི་ལོ་༢༠༢༢ ཟླ་༡ པའི་ནང་ མཇུག་བསྡུ་ནིའི་དོན་ལུ་ ཚ་ངེར་བཏོན་པའི་བསྒང་འདུག།

དེ་ལས་ ཁྲོམ་གསརཔ་གི་ སྒྲིང་ཁྱིམ་ཚུ་ནང་ གློག་མེ་དང་ ཆུའི་མི་ཊར་ཚུ་ བཙུགས་ཡོདཔ་ཨིན་པས།

ཨིན་རུང་ ཁྱིམ་གྱི་ཇོ་བདག་ཚུ་གིས་ སླབ་མིའི་ནང་ ཁྲོམ་གསརཔ་ནང་ ནང་འཁོད་ཀྱི་ འཁོར་ལམ་མེད་མི་དང་ ཁྲོམ་མེ་ དེ་ལས་ མི་ལམ་ཚུ་མེད་མི་ལུ་བརྟེན་ ཚོང་ཁང་གླ་ཁར་ལེན་མི་དང་ ཚོང་ཉོ་མི་ཚུ་ མི་འོང་པས་ཟེར་ཨིན་པས།

ཁོང་གིས་ བཤད་མིའི་ནང་ ཁོང་ལུ་ དཀང་ངལ་སྦོམ་ཤོས་ར་ ཁྲོམ་སྦུག་ལས་ འཁོར་ལམ་མཐུད་སྦྲེལ་འབད་དེ་མེད་ནི་དེ་གིས་ ཚོང་ཉོ་མི་མེད་མི་ལུ་བརྟེན་ ཚོང་ཁང་གླ་ཁར་ལེན་མི་ མིན་འདུག་ཟེར་ཨིན་པས།

ད་རེས་ནངས་པར་ ཁྲོམ་སྦུག་ལུ་ཚུད་མི་ སྒྲིང་ཁྱིམ་༡༠ ཡོད་ས་ལས་༨ ཀྱི་ཚོང་ཁང་ཚུ་ གླ་ཁར་སྤྲོད་མ་ཚུགས་པར་ཡོདཔ་ད་ ཁྲོམ་གྱི་ བཟོ་བཀོད་གནང་བ་དང་བསྟུན་ སྒྲིང་ཁྱིམ་རེ་ལུ་ ཚོང་ཁང་༢ རེ་ཡོདཔ་ཨིན་པས།

སྒྲིང་ཁྱིམ་གྱི་ ཇོ་བདག་ཅིག་ཨིན་མི་ ཀུན་བཟང་ལ་གིས་ སླབ་མིའི་ནང་ ད་རེས་ ཚོང་མགྲོན་པ་མང་ཤོས་ཅིག་གིས་ ཞབས་ཏོག་མཐུན་རྐྱེན་ཚུ་ལུ་བལྟ་སྟེ་ ཚོང་ཉོ་བར་ འོང་དོ་ཡོད་རུང་ འཁོར་ལམ་མེད་མི་ལུ་བརྟེན་ གཞན་ལམ་བདའ་སྟེ་ཡོད་མི་ ཚོང་པ་ཚུ་བཟུམ་སྦེ་ ཞབས་ཏོག་སྤྲོད་མ་ཚུགས་པའི་བསྒང་ལས་ ཚོང་མགྲོན་པ་ཚུ་གིས་ འོང་མ་བཏུབ་ལས་ ཚོང་ཁང་བཙུགས་མི་ཡང་ མི་འོང་པས་ཟེར་ཨིན་པས།

ཁྱིམ་ཚུ་གི་དོན་ལུ་ མངར་གཡུས་ཚན་གྱི་དོན་ལུ་བཏོན་མི་ འཁོར་ལམ་ལས་ ལམ་ཆུང་ཀུ་ཅིག་མཐུད་སྦྲེལ་འབད་ཡོད་རུང་ སྤུས་ཚད་མེདཔ་སྦེ་ བཤད་པའི་ཁར་ ཁྱིམ་གྱི་ཇོ་བདག་ཚུ་གིས་ སླབ་མིའི་ནང་ འཁོར་ལམ་དེ་ ལེགས་བཅོས་འབད་དེ་ རྫོང་བལྟ་སྟེ་འགྱོ་མི་གཞུང་ལམ་ཁར་ མཐུད་སྦྲེལ་འབད་བ་ཅིན་ མང་ཤོས་ཅིག་ ཞི་གཡོགཔ་ཨིན་མི་ ཚོང་མགྲོན་པ་ཚུ་གིས་ སྣུམ་འཁོར་བདའ་སྟེ་ ཚོང་ཉོ་བར་འོང་ནིའི་ གོ་སྐབས་འདུག་ཟེར་ཨིན་པས། 

ཀུན་བཟང་ལ་གིས་ སླབ་མིའི་ནང་ མ་གཞི་ ད་རེས་ ནད་ཡམས་ཀྱི་གནས་སྟངས་ནང་ཨིནམ་ལས་ དཀའ་ངལ་ཚུ་ཧ་གོ་རུང་ འཁོར་ལམ་དེ་ཡང་ མེད་ཐབས་མེདཔ་ཅིག་འབདཝ་ད་ལས་ བྱ་ཐབས་མེད་པར་ ཞུ་དགོ་པས་ཟེར་ཨིན་པས།

ཁྱིམ་གྱི་ཇོ་བདག་ཅིག་ཨིན་མི་ ཆོས་སྒྲུབ་ཀྱིས་ སླབ་མིའི་ནང་ འཁོར་ལམ་ལུ་བརྟེན་ ཁྱིམ་གླ་ཁར་སྤྲོད་ནི་ལུ་ ཕན་ཐོགས་འབྱུང་ནི་ཨིནམ་མ་ཚད་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་མི་སྣུམ་འཁོར་ སྒོ་ཁར་ཚུན་ཐལ་ཏེ་ ཕྱགས་སྙིགས་ཐག་རིང་སར་ བསྐྱལ་བར་འགྱོ་མ་དགོ་པའི་ཁར་ མི་ཚུ་གིས་ ག་ལྷོད་བཀོག་ནི་ལས་ བཀག་ནི་ལུ་ཡང་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།

ཁོ་གིས་ བཤད་མིའི་ནང་ ད་ལྟོ་ ཕྱགས་སྙིགས་ཚུ་ བཀོག་ནིའི་དོན་ལུ་ ཚོད་བསྲེ་བཙོང་ཁང་གི་ས་ཁོངས་ནང་ མངར་གཡུས་ཚན་ནང་འགྱོ་སའི་ འཁོར་ལམ་ཚུན་ འགྱོ་དགོ་དོ་ཡོདཔ་མ་ཚད་ ལ་ལོ་ཅིག་གིས་ འཁོར་ལམ་བདའ་སྟེ་ བཀོག་བཞག་མི་ཡང་ ཐོནམ་མས་ཟེར་ཨིན་པས།

ཁྱིམ་གྱི་ཇོ་བདག་གཞན་ བདེ་ཆེན་དབང་མོ་གིས་ སླབ་མིའི་ནང་ ཁྲོམ་ཁར་ ཁྲོམ་མེ་དང་ རྐང་ལམ་ཡང་མེདཔ་ལས་ དེ་ཚུ་ཡོད་པ་ཅིན་ ཚོང་མགྲོན་པ་མངམ་འོང་ནིའི་ གོ་སྐབས་སྦོམ་འདུག་ཟེར་ཨིན་པས།

ཁྲོམ་ལམ་དེ་ གཞུང་ལམ་ཁར་ མཐུད་སྦྲེལ་འབད་བ་ཅིན་ ཚོད་དཔག་དང་འཁྲིལཝ་ད་ རིང་ཚད་མི་ཊར་༢༠༠ ལྷགཔ་ཅིག་ བཏོན་དགོ་ནི་ཨིན་པས།

ཁྱིམ་གྱི་ཇོ་བདག་ཚུ་གིས་ སླབ་མིའི་ནང་ ཧ་ལམ་ ཆ་མཉམ་གྱིས་ ཁྱིམ་ཚུ་སྐྱིན་འགྲུལ་ཐོག་ལས་ རྐྱབ་ཡོད་ནི་དེ་གིས་ ཁྱིམ་ནང་སྡོད་མི་དང་ ཚོང་ཉོ་མི་མེད་པ་ཅིན་ སྐྱིན་ཚབ་སྤྲོད་ནིའི་གདོང་ལེན་ཡོད་རུང་ ད་རེས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དུས་ཡུན་ཕར་འགྱངས་ཀྱི་ སྐྱིད་སྡུག་ལུ་བརྟེན་ སྤྲོད་མ་དགོ་ནི་དེ་གིས་ ཕན་ཐོགས་ཏེ་ཡོད་ཟེར་ཨིན་པས།

ཁྲོམ་ཁར་ས་ཚན་ཐོབ་མི་དང་ མ་ཐོབ་མི་ཚོང་པ་ཚུ་ ཧེ་མར་ གཞུང་ལམ་བདའ་སྟེ་ སྦ་སྒོར་ནང་ ཚོང་བཙོང་སྡོད་མི་ཚུ་ ཁྲོམ་གསརཔ་ནང་ སྤོ་དགོ་པའི་དུས་ཚོད་ སྤྱི་ལོ་༢༠༡༩ ཟླ་༨ པ་ཚུན་ དུས་ཚོད་བྱིན་ཡོདཔ་ཨིན་པས།

ཨིན་རུང་ ཚོང་པ་༡༡ གིས་ དུས་ཚོད་ཁར་ སྤོ་བཤུད་རྐྱབ་མ་ཚུགས་མི་ལུ་བརྟེན་ སྤྱི་ལོ་༢༠༢༠ ཟླ་༤ པ་ཚུན་ ཕར་འགྱངས་འབད་བའི་ཤུལ་ལས་ སྦ་སྒོར་ཚུ་བརྡལ་ཏེ་ མང་ཤོས་ཅིག་ ཁྲོམ་གསརཔ་ནང་སྤོ་ཡོདཔ་ཨིན་པས།

ས་ཚན་མེད་མི་ ཚོང་པ་དག་པ་ཅིག་ སྨན་ཁང་གི་ལྟག་ལུ་ སྟོང་ཀང་ལ་ལུ་ སྤོ་བཤུད་འབད་ཡོད་པའི་ཁར་ དག་པ་ཅིག་ མཁོ་མང་ཟམ་གྱི་རྩ་བར་ ཧེ་མ་ལས་ཡོད་པའི་ གནས་སྐབས་ཀྱི་ཚོང་ཁང་ཚུ་ནང་ སྡོད་ཆོག་པའི་གནང་བ་ བྱིན་ཏེ་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། ལྷུན་རྩེ།

About admin

Check Also

དངུལ་འབྲེལ་ལས་ཁང་༣ གྱིས་ གནས་སྐབས་ཅིག་ སྐྱིན་འགྲུལ་མཚམས་འཇོག།

༉ འབྲུག་གོང་འཕེལ་དངུལ་ཁང་དང་ འབྲུག་རྒྱལ་ཉེན་སྲུང་ལས་འཛིན་ དེ་ལས་ རྒྱལ་ཡོངས་སི་ཨེསི་ཨའི་གོང་འཕེལ་དངུལ་ཁང་ནང་ སྐྱིན་ཚབ་བཏབ་མ་ཚུགས་མི་ མཐོ་དྲགས་ཡོད་མི་ལུ་བརྟེན་ དངུལ་འབྲེལ་ལས་ཁང་༣ གྱིས་ གནས་སྐབས་ཅིག་ སྐྱིན་འགྲུལ་འཛིན་གྲོལ་འབད་ནི་ མཚམས་འཇོག་འབད་ནུག། དེ་ཡང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ བཀའ་རྒྱ་དང་འཁྲིལ་ཏེ་ཨིནམ་ད་ …

Leave a Reply

Your email address will not be published. Required fields are marked *