ཚོང་གསརཔ་གཞི་བཙུགས་འབད་མི་ ན་གཞོན་ཅིག་གིས་ ཚོང་པ་ཅིག་ལས་ མ་རྩ་ཏི་རུ་ལེན་པའི་བསྒང་།

ཚོང་པ་ཅིག་གིས་ དངུལ་ཀྲམ་ས་ཡ་༤.༥ ཚོང་འབྲེལ་གྱི་ མ་རྩ་བཙུགས་ཡོདཔ།

༉ རྒྱབ་སྐྱོར་ལས་རིམ་ཐོག་ལས་ ན་གཞོན་སྡེ་ཚན་༢ ཀྱིས་ ཚོང་འབྲེལ་གཞི་བཙུགས་ཀྱི་དོན་ལུ་ ཚོང་པ་ཅིག་གིས་ མ་དངུལ་ས་ཡ་༤.༥ བཙུགས་ཡོདཔ་ལས་ ཚོང་ལཱ་འབད་ནི་གི་ མ་དངུལ་མེད་མི་ལུ་ ལྷན་ཐབས་སྦོམ་ འབྱུང་ནི་ཨིན་པས།
ཚོང་པ་ཀུན་བཟང་བདེ་ཆེན་གྱིས་ སེད་ཌོན་བཟོ་བཀོད་ཀྱི་དོན་ལུ་ མ་དངུལ་ས་ཡ་༢ མ་རྩ་བཙུགས་མི་ལས་ བདག་དབང་གི་བགོ་བཤའ་བརྒྱ་ཆ་༣༠ འཆང་ཡོདཔ་བཞིན་དུ་ ཧི་མ་ལ་ཡཱན་བཟའ་ཆས་ཀྱི་དོན་ལུ་ མ་རྩ་དངུལ་ཀྲམ་ས་ཡ་༢.༥ བཙུགས་མི་ལས་ བདག་དབང་བགོ་བཤའ་བརྒྱ་ཆ་༢༥ འཆངམ་ཨིན་པས།
རྒྱབ་སྐྱོར་ཐེངས་༢ པའི་ནང་ ཚོང་འབྲེལ་གསརཔ་གཞི་བཙུགས་ཀྱི་དོན་ལུ་ མ་རྩ་བཙུགས་མི་ འགོ་དང་པ་ ཀུན་བཟང་བདེ་ཆེན་གྱིས་ སེད་ཌོན་བཟོ་བཀོད་ཀྱི་ཇོ་བདག་ སངས་རྒྱས་དངོས་གྲུབ་དང་ ཧི་མ་ལ་ཡཱན་བཟའ་ཆས་ཀྱི་ ཇོ་བདག་ བི་ཀཱཤ་གུ་རུང་དང་ ཚེ་རིང་རྡོ་རྗེ་ཚུ་ལུ་ རྒྱབ་སྐྱོར་འབད་ཡི།
འབྲུག་དཔལ་འབྱོར་གསར་གཏོད་ལེགས་བསྒྱུར་གྲོས་འཛོམས་ཐེངས་༢ པའི་སྐབས་ རྒྱབ་སྐྱོར་ཐེངས་༢ ལས་ ཚོང་གསརཔ་གཞི་བཙུགས་ཀྱི་དོན་ལུ་ ན་གཞོན་སྡེ་ཚན་༥ བཅའ་མར་གཏོགས་མི་ལས་ ཚོང་པ་ཀུན་བཟང་བདེ་ཆེན་གྱིས་ སྡེ་ཚན་༢ རྒྱབ་སྐྱོར་འབད་ནིའི་ གདམ་ཁ་རྐྱབ་ནུག།
སེད་ཌོན་བཟོ་བཀོད་ཀྱི་ ཇོ་བདག་གིས་ ཁྲོམ་སྡེ་ནང་ བཟོ་བཀོད་རིགས་སྒོ་ཕྱེ་སྟེ་ བཟོ་བཀོད་གཞན་ཚུ་དང་ དོ་འགྲན་འབད་ནི་ལུ་ དཀའ་སྡུག་བྱུང་ཡོད་རུང་ འོང་འབབ་ཀྱི་དོན་ལས་ ཡིག་ཚང་དང་ ལས་སྡེ་ཁག་གི་ ལས་རྟགས་བཟོ་བཀོད་དང་ ཡོངས་འབྲེལ་འཆར་སྒོ་བཟོ་བཀོད་འབད་ཡོདཔ་ཨིན་པས།
ད་རེས་ནངས་པར་ མ་རྩ་གཞི་བཙུགས་འབད་མི་ལས་ཐོབ་མི་ ཏི་རུ་ལུ་བརྟེན་ སྐུ་ཐང་དང་ ཐང་ཀ་རིགས་ཚུ་ གློག་རིག་མཉེན་ཆས་ལག་ལེན་འཐབ་ཐོག་ལས་ བཟོ་བཀོད་འབད་ནིའི་ ལས་རིམ་ཡོདཔ་ད་ སངས་རྒྱས་དངོས་གྲུབ་ཀྱིས་ སླབ་མིའི་ནང་ བཟོ་བཀོད་གཞན་ཡང་ འཐིང་གཞི་དང་ གནམ་པང་གུ་ལས་ཕར་ཡང་ དེང་སང་གི་ འཕྲུལ་རིག་ཐོག་ལས་ བཟོ་བཀོད་འབད་དེ་ ཚོང་འབྲེལ་འཐབ་འོང་ཟེར་ཨིན་པས།
རྒྱབ་སྐྱོར་ལས་རིམ་དེ་གིས་ ཚོང་གསརཔ་གཞི་བཙུགས་འབད་མི་ མང་ཤོས་ཅིག་ལུ་ ཁེ་ཕན་བྱུང་ཡོདཔ་ད་ གལ་སྲིད་ རྒྱབ་སྐྱོར་ལས་རིམ་མེད་པ་ཅིན་ ཚོང་གསརཔ་བཙུགས་མི་ཚུ་ མཐར་འཁྱོལ་མ་ཚུགས་པར་ ཚོང་གཞི་བཙུགས་ཀྱི་ འཆར་སྣང་བཟུམ་ཅིག་སྦེ་ ལུས་དོ་འོང་ཟེར་ སངས་རྒྱས་དངོས་གྲུབ་ཀྱིས་ སླབ་ཨིན་པས།
ཀུན་བཟང་བདེ་ཆེན་གྱིས་ སླབ་མིའི་ནང་ ན་གཞོན་ཚུ་གིས་ སྤྲོ་བ་དང་དང་འདོད་བསྐྱེད་དེ་ ཚོང་འགོ་དང་པ་ གཞི་བཙུགས་པའི་སྐབས་ མ་རྩ་གཞི་བཙུགས་ཐོག་ ཆ་རོགས་འབད་ཚུགས་པ་ཅིན་ མི་སྡེ་དང་ གཞུང་ལུ་ ཁེ་ཕན་འབྱུང་ནི་ཨིནམ་མ་ཚད་ མ་རྩ་བཙུགས་མི་ལུ་ཡང་ ཁེ་སང་གཉིས་ལྟབ་སྦེ་ འཐོབ་ཚུགས་ཟེར་ཨིན་པས།
རྒྱབ་སྐྱོར་ཐེངས་༢ པའི་དམིགས་ཡུལ་དེ་ར་ ཚོང་བཙུགས་ཞིནམ་ལས་ དམིགས་གཏད་ལྟར་དུ་ འགྲུབ་ཚུགས་ པའི་ཁར་ ཁྲོམ་ཚོགས་ཀྱི་གནས་རིམ་དང་འཁྲིལ་ གནས་ཚད་ནང་ ལྷོད་དགོཔ་བཞིན་དུ་ དུས་ཚོད་ཁར་ མ་རྩ་ བཙུགས་མི་ཚུ་གིས་འབད་རུང་ གྲོགས་རམ་དང་ ཐབས་བྱུས་ཚུ་ མཉམ་རུབ་ཐོག་ལས་ འབད་ཐབས་ལུ་ཨིན་པས།
ཧི་མ་ལ་ཡཱན་བཟའ་ཆས་ཀྱི་ ཇོ་བདག་གིས་ སླབ་མིའི་ནང་ ཁྲོམ་སྡེ་ཚུ་ནང་ ཁ་ཟས་མང་ཤོས་ཅིག་ ནང་འདྲེན་འཐབ་མི་ཚུ་གིས་ གང་ཡོདཔ་ལས་ ཁོ་གི་ལས་སྡེ་གིས་ ཁྲོམ་སྡེ་ཚུ་ནང་ བཀྲམ་སྤེལ་འབད་ནི་དང་ ནང་འདྲེན་འབད་མི་ ཁ་ཟས་དང་དོ་འགྲན་འབད་ནིའི་དོན་ལུ་ འོས་ཁུངས་དང་ལྡནམ་སྦེ་ བཟོ་དོ་ཟེར་ཨིན་པས།
ཨིན་རུང་ འགོ་དང་པ་ གཞི་བཙུགས་འབད་བའི་སྐབས་ མ་དངུལ་འབོར་ཆེ་ཏོག་ཏོ་སྦེ་མེདཔ་ལས་ དུམ་གྲ་ཅིག་ ལཱ་ཁག་བཏང་ཡོད་རུང་ མ་རྩ་གཞི་བཙུགས་འབད་མི་ ཚོང་པ་ཀུན་བཟང་བདེ་ཆེན་གྱི་ རྒྱབ་སྐྱོར་ལུ་བརྟེན་ ཁ་ཟས་ཀྱི འཕྲུལ་ཆས་དང་ མཐུན་རྐྱེན་གཞན་ཚུ་ མཁོ་སྒྲུབ་འབད་ནི་ལུ་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།
རྒྱབ་སྐྱོར་ལས་རིམ་གྱི་ དམིགས་ཡུལ་དེ་ཡང་ ན་གཞོན་ཚུ་གིས་ ཚོང་དང་ རིག་རྩལ་ཐོག་ལས་ གཞི་བཙུགས་འབད་ནིའི་ ལས་སྣ་ཚུ་ལུ་ གོ་སྐབས་སྤྲོད་ནི་དང་ འགོ་དང་པ་ གཞི་བཙུགས་འབདཝ་ད་ ཚོང་པ་དང་ ཏི་རུ་ཡོད་མི་ཚུ་གིས་ མ་རྩ་བཙུགས་ཐོག་ལས་ རྒྱབ་སྐྱོར་འབད་ནི་དེ་ཨིན་པས།
རྒྱབ་སྐྱོར་ལས་རིམ་དེ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ མཉམ་རུབ་ཚོང་པ་དང་ འབྲེལ་མཐུན་ཐོག་ལས་ འགོ་བཙུགས་ཡོདཔ་ད་ སྒེར་སྡེའི་ཐོག་ལས་ ལས་སྣ་གཞི་བཙུགས་འབད་མི་ལུ་ རྒྱབ་སྐྱོར་འབདཝ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *