ཚོང་ཆས་འཚིགས་མི་ཚུ་ ཕྱིར་སེལ་རྐྱབ་པའི་བསྒང་།

ཚོང་ཁང་ཅིག་ནང་ དངུལ་ས་ཡ་༧ ལྷགཔ་ཅིག་གི་ ཚོང་ཆས་འཚིགས་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༥ དེ་ཅིག་ཁར་ བསམ་གྲུབ་ལྗོངས་མཁར་ལུ་ བའིཇ་ནཱཌ་གུབ་ཏ་ཨེན་སཱནསི་སྲ་ཆས་ཚོང་ཁང་ནང་ མེ་རྐྱེན་བྱུངམ་ལས་ དངུལ་ཀྲམ་ས་ཡ་༧ ལྷགཔ་ཅིག་གནས་པའི་ ཚོང་ཆས་ཚུ་ འཚིགས་སོ་ནུག།
རྒྱ་གར་ཨུ་ཏར་པར་དེཤ་ བ་ལི་ཡ་ལས་ཨིན་མི་ ཚོང་ཁང་གི་ཇོ་བདག་ སྐྱེས་ལོ་༧༠ ལང་མི་ བའིཇ་ནཱཌ་གུབ་ཏ་གིས་ སླབ་དོ་བཟུམ་འབད་བ་ཅིན་ དྲོ་པའི་ཆུ་ཚོད་༥ དེ་ཅིག་ཁར་ ཕྱི་ཁར་མི་ཚུ་གིས་ ཁྱིམ་མེ་གིས་ འཚིགས་དེས་ཟེར་ སྐད་རྐྱབ་སར་གོ་སྟེ་ ཕྱི་ཁར་ཐོན་ལྟཝ་ད་ དུ་པ་ཐོན་སར་ མཐོང་ཅི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཚོང་ཁང་ནང་ལས་ དུ་པ་ཐོན་ས་མཐོངམ་ལས་ ཚོང་ཁང་སྒོ་ཕྱེས་ལྟཝ་ད་ མེ་འབར་ཡོད་སར་མཐོངམ་ལས་ དེ་འཕྲོ་ལས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡི་ཟེར་ཨིནམ་ད་ ཁོང་ཡང་ ཚོང་ཁང་གི་ཐོག་ཁར་ སྡོད་དོ་ཡོདཔ་ལས་ མི་ཚུ་གིས་ སྐད་མ་རྐྱབ་པ་ཅིན་ ཁོང་གི་ཚེ་སྲོག་ལུ་ཡང་ གནོད་སྐྱོན་བྱུང་བྱུངམ་འོང་ཟེར་ཨིན་པས།
ཁྲིམས་སྲུང་འགག་པའི་ མེ་བསད་སྡེ་ཚན་དང་ སྣུམ་འཁོར་ཚུ་ དུས་ཚོད་ཁར་ལྷོདཔ་ལས་ མེ་དེ་ བསད་ཚུགས་ཡོདཔ་ཨིན་པས།
གུབ་ཏ་གིས་ སླབ་མིའི་ནང་ མི་ག་ར་དང་གཅིག་ཁར་ མཐུན་ལམ་ལེགས་ཤོམ་ ཡོད་ནི་དེ་གིས་ བྱུང་རྐྱེན་དེ་ལུ་ ག་ལུ་ཡང་ དོགས་པ་མེད་ཟེར་ཨིནམ་ད་ མེ་རྐྱེན་དེ་ གློག་རྒྱུན་ལས་ བྱུང་ཡོད་པའི་ དོགས་ཡོད་ཟེར་ཨིན་པས།
སྒྲིང་ཁྱིམ་དེ་ཡང་ ཁོ་གི་ཨིནམ་ལས་ ཁྱིམ་དང་ཚོང་ཁང་༢ ཆ་ར་ ཉེན་བཅོལ་འབད་དེ་ཡོདཔ་ད་ ཁོ་གིས་ སྤྱི་ལོ་༡༩༦༣ ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཚོང་འབྲེལ་འཐབ་ཡོདཔ་ཨིན་པས།
འབྲུག་རྒྱལ་གཞུང་ཉེན་བཅོལ་ལས་འཛིན་གྱི་ འཛིན་སྐྱོང་པ་ བསོད་ནམས་དོན་གྲུབ་ཀྱིས་ སླབ་མིའི་ནང་ ཚོང་ཁང་དེ་གིས་ དོ་ཁང་༥ གི་དོན་ལུ་ ལས་འཛིན་དང་གཅིག་ཁར་ དངུལ་ཀྲམ་ས་ཡ་༡༨ དེ་ཅིག་གི་ ཉེན་བཅོལ་འབད་ཡོདཔ་མ་ཚད་ སྒྲིང་ཁྱིམ་ཡང་ ཉེན་བཅོལ་འབད་དེ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཚོང་ཁང་གི ཇོ་བདག་གིས་ དངུལ་ཀྲམ་འབུམ་ལྷགཔ་ཅིག་གནས་པའི་ སྲ་ཆས་ཀྱི་རིགས་ཚུ་ འཚིགས་ཡོདཔ་སྦེ་ སླབ་དེས་ཟེར་ཨིན་རུང་ དངུལ་ཀྲམ་ག་དེམ་ཅིག་གི་ ཅ་ཆས་ཚུ་ འཚིགས་ཡོདཔ་ཨིན་ན་ ཅ་ཆས་ཚུ་ ཕྱིར་སེལ་རྐྱབ་དོ་ཟེར་ཨིན་པས།
ཅ་ཆས་ཀྱི་ ཤོག་སྒམ་མེ་གིས་ མ་འཚིགས་པར་ བཙོང་བཏུབ་མི་ཚུ་ ཇོ་བདག་ལུ་ སྤྲོད་ནི་དང་ ཤོག་སྒམ་མེ་གིས་འཚིགས་རུང་ ལག་ལེན་འཐབ་བཏུབ་མི་ཚུ་ ལས་འཛིན་གྱིས་ མི་མང་ལུ་ རིན་བསྡུར་ཐོག་ བཙོང་ནི་ཟེར་ བསོད་ནམས་དོན་གྲུབ་ཀྱིས་ བཤད་པའི་ཁར་ ཉེན་བཅོལ་་གྱི་ ཐོབ་ལམ་ཚུ་ཡང་ ཉིན་གྲངས་༢ དང་༣ གྱི་ ནང་འཁོད་ལུ་ར་ སྤྲོད་ཚུགསཔ་འབད་ནི་ཟེར་ སླབ་ཨིན་པས།
ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ མེ་དེ་ བསད་མ་ཚུགས་པ་ཅིན་ ཁྲོམ་ཁའི་ཁྱིམ་ག་ར་ལུ་ འཚིགས་ནིའི་ཉེན་ཁ་སྡོད་ཅི་ཟེར་ཨིན་རུང་ མེ་དེ་ དུས་ཡུན་ཆུ་ཚོད་༢ དེ་ཅིག་ནང་ བསད་ཚུགས་ཅི་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།

 

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *