ཚོགས་སྡེའི་འཐུས་མི་མང་ཤོས་ཅིག་གིས་ སྤྱི་ལོ་༢༠༡༨ ཀྱི་ བཙག་འཐུ་ནང་ བཅའ་མར་གཏོགས་ནི།

༉ སྤྱི་ལོ་༢༠༡༨ ལུ་ རྒྱལ་ཡོངས་ཚོགས་སྡེ་ བཙག་འཐུ་ཐེངས་༣ པའི་དོན་ལུ་ ཚོགས་སྡེའི་འཐུས་མི་༡༤ གིས་ ལོག་བཅའ་མར་གཏོགས་ནི་ལུ་ སེམས་ཐག་བཅད་ནུག།
དར་དཀར་ནང་གི་ ཚོགས་སྡེའི་འཐུས་མི་ བསོད་ནམས་རྡོ་རྗེ་དང་ སྤ་རོ་འཐུས་མི་ཀ་ཀ་ཚེ་རིང་ བཀྲིས་གཡང་རྩེ་འཐུས་མི་ བཀྲིས་ཕུན་ཚོགས་ དེ་ལས་ བསམ་རྩེ་གི་འཐུས་མི་ སངས་རྒྱས་མཁའ་འགྲོ་༤ གིས་ ལོག་བཅའ་མར་གཏོགས་ནི་ལུ་ ད་ལྟོ་ སེམས་ཐག་མ་བཅད་པས།
སྤྱིར་བཏང་ འཐུས་མི་༤ གྱིས་བཙག་འཐུའི་ནང་ ལོག་བཅའ་མར་གཏོགས་ནི་ལུ་ དང་འདོད་ཡོད་རུང་ མི་སེར་དང་གཅིག་ཁར་ གྲོས་བསྟུན་འབད་ཐོག་ལས་ གནས་སྟངས་དང་བསྟུན་ སེམས་ཐག་བཅད་དགོ་པས་ཟེར་ཨིན་པས།
ཁྲི་འཛིན་དྲགོས་ཌོག་ཊར་ བསོད་ནམས་ཀུན་དགའ་དེ་ད་རེས་ནངས་པར་ ཀེམ་བོ་ཌི་ཡ་ལུ་ སྤྱི་ཚོགས་ཀྱི་ཚོགས་འདུ་ནང་ བྱོན་ཡོདཔ་ལས་ འབྲེལ་བ་འཐབ་མ་ཚུགསཔ་ད་ འཐུས་མི་ཚུ་ ད་རེས་ནངས་པར་ རང་སོའི་རྫོང་ཁག་ཚུ་ནང་ལས་ཕར་ལྟ་སྐོར་འབད་བའི་བསྒང་ཨིན་པས།
ལཱ་འཕྲོ་མཐུད་འབད་དགོཔ་ཡོད་མི་དང་ འདས་པའི་ཉམས་མྱོང་ཐོབ་མི་ལུ་བརྟེན་ འཐུས་མི་ཚུ་གིས་ལོག་བཙག་འཐུའི་ནང་ བཅའ་མར་གཏོགས་དགོཔ་ གལ་ཆེ་ཟེར་ཚོགས་སྡེའི་ འཐུས་མི་ཅིག་གིས་ བཤདཔ་ཨིན་པས།
བཙག་འཐུ་ལྷན་ཚོགས་ཀྱིས་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ཚེས་གྲངས་དེ་ སྤྱི་ལོ་༢༠༡༨ ཟླ་༢ པའི་ནང་ གསལ་བསྒྲགས་འབད་ནི་ཨིན་པས།
སྤྱི་ལོ་༢༠༡༣ གྱི་ བཙག་འཐུའི་སྐབས་ འཐུས་མི་ཚུ་ དགོངས་ཞུ་འབད་ནི་ལུ་ མགུ་འཐོམ་བྱུང་ཡོད་རུང་ སྤྱི་ལོ་༢༠༡༨ ཀྱི་ བཙག་འཐུ་ནང་འབད་བ་ཅིན་ སེམས་ཐག་བཅད་ནི་ལུ་ མགུ་འཐོམ་དགོཔ་ མི་འབྱུང་ནི་ཨིན་པས།
ཀྲོང་གསར་ཚོགས་སྡེའི་འཐུས་མི་ མཐར་ཕྱིན་གྱིས་ ཁོ་བཙག་འཐུ་ནང་ ལོག་བཅའ་མར་གཏོགས་མི་དེ་ ལོ་༥ འི་རིང་ལུ་ མི་སེར་གྱི་གནས་སྟངས་དང་ མི་སྡེའི་གནད་དོན་ སྲིད་བྱུས་ དེ་ལས་ ཁྲིམས་བཟོ་བསྐྱར་ཞིབ་ཀྱི་ གནད་དོན་ཚུ་ ཧ་གོ་བའི་ཁར་ ཉམས་མྱོང་ཐོབ་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
རྩི་རང་འཐུས་མི་ ཀ་མཱལ་བྷ་དུར་གུ་རུང་གིས་འབད་བ་ཅིན་ རྫོང་ཁག་ནང་ལས་ རྒྱལ་ཡོངས་ཚོགས་སྡེའི་ མི་ངོམ་དོན་ལུ་ སྤྲོ་བ་བསྐྱེད་མི་ ལེ་ཤ་ཐོན་པའི་ཁར་ མི་ངོམ་མང་ཤོས་ཅིག་ ན་གཞོན་ཡོད་མི་དེ་ རྟགས་མཚན་ལེགས་ཤོམ་ཅིག་ཨིན་རུང་ ཁོ་ལུ་ཡང་ འདས་པའི་ཚོགས་རིམ་ནང་ ལཱ་འབད་བའི་ཉམས་མྱོང་ཡོད་མི་ལུ་བརྟེན་བཅའ་མར་གཏོགས་ནི་ལུ་ སེམས་ཐག་བཅད་ཅི་ཟེར་ཨིན་པས།
རྩི་རང་རྫོང་ཁག་ནང་ལས་ཚོགས་སྡེའི་མི་ངོམ་དོན་ལུ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ནང་ ཁྱད་ཚད་ལྡན་པའི་ མི་ངོམ་༡༠ གྱིས་ ཐོ་བཀོད་འབད་ནུག།
ཐིམ་ཕུག་གི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ ཉི་མ་རྒྱལ་མཚན་གྱིས་ ད་ལྟོའི་ཚོགས་སྡེ་ནང་ལས་ ལོ་ན་ཆུང་ཤོས་དེ་ ཁོ་ཨིན་པའི་ཁར་ ཁོ་གིས་ མི་སེར་ལུ་ ཞབས་ཏོག་ཞུ་ནི་ལུ་དམིགས་ཏེ་ལོག་བཅའ་མར་གཏོགས་དོ་ཟེར་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་ གནས་ཡུན་དེ་ སྤྱི་ལོ་༢༠༡༨ ཟླ་༥ པའི་ཚེས་༩ ལུ་ཚང་ནི་ཨིནམ་ད་ཚེས་༡༠ ལུ་ རྒྱལ་ཡོངས་ཚོགས་སྡེ་དེ་ ལོག་འཕྲོ་མཐུད་ གཞི་བཙུགས་འབད་ནི་ཨིན་པས།
ལྷན་ཚོགས་ཀྱིས་ བཙག་འཐུའི་བྱ་རིམ་དེ་ སྤྱི་ཟླ་༢ པ་ལས་འགོ་འདྲེན་འཐབ་ནི་ཨིན་མི་ལུ་བརྟེན་འཐུས་མི་ཚུ་གིས་ རང་སོའི་གནས་ཡུན་ མ་ཚང་རུང་ བཙག་འཐུའི་ནང་ ལོག་བཅའ་མར་གཏོགས་ཆོག་ནི་ཨིན་པས།
སྤྱི་ལོ་༢༠༡༨ ཀྱི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ ཨམ་སྲུ་༧ དང་ ཕོ་སྐྱེས་༡༢༡ བརྩིས་ཏེ་ ཡོངས་བསྡོམས་མི་ངོམ་༡༢༨ ཀྱིས་ ལྷན་ཚོགས་ནང་ དོ་འགྲན་གྱི་དོན་ལུ་ ཐོ་བཀོད་འབད་ཡོདཔ་ཨིན་པས།
དེ་ཡང་ སྤུ་ན་ཁ་ལུ་མི་ངོམ་༩ ལྷུན་རྩེ་ བསམ་གྲུབ་ལྗོངས་མཁར་ གསར་སྤང་རྫོང་ཁག་ནང་༨ རེ་དང་ ཐིམ་ཕུག་དང་ བཀྲིས་སྒང་ལུ་༧ རེ་ཡོད་པའི་ཁར་ བུམ་ཐང་ལུ་༡ དབང་འདུས་ཕོ་བྲང་དང་ ཀྲོང་གསར་ལུ་༢ རེ་ བཀྲིས་གཡང་རྩེ་དང་ ཧཱ་ལུ་༣ རེ་ མགར་ས་དང་ སྤ་རོ་ བསམ་རྩེ་ལུ་༤ རེ་ ཆུ་ཁ་ལུ་༥ གཞལམ་སྒང་དང་ པདྨ་དགའ་ཚལ་ལུ་༦ རེ་ ཡོདཔ་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་དོན་ལུ་ མི་ངོམ་ཚུ་ལུ་ བཙག་འཐུ་ལྷན་ཚོགས་ཀྱིས་ གོ་བརྡའི་ལས་རིམ་ཅིག་ཡང་འགོ་འདྲེན་འཐབ་ཡོདཔ་ད་གོམས་འདྲིས་ལས་རིམ་སྐབས་བཙག་འཐུ་གི་ བྱ་སྒོའི་རིམ་པ་ རྒྱལ་ཡོངས་ཚོགས་སྡེ་དང་འབྲེལ་བའི་ གན་འཁུར་དང་ གན་དབང་ཚུ་གི་སྐོར་ལས་ བཤད་བྱིན་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *