༉ དངུལ་རྩིས་བློན་པོ་རྣམ་རྒྱལ་ཚེ་རིང་གིས་ རྩིས་ལོ་༢༠༢༢-༢༠༢༣ གྱི་ འཆར་དངུལ་དཔྱ་བགོའི་དཔྱད་ཡིག་དང་ རྩིས་ལོ་༢༠༢༡-༢༠༢༢ ཀྱི་ ལྷན་ཐབས་འཆར་དངུལ་དཔྱ་བགོའི་དཔྱད་ཡིག་ རྒྱལ་ཡོངས་ཚོགས་སྡེའི་ཚོགས་ཐེངས་༢༩ པའི་ བཞུགས་རིམ་༡༢ པའི་ནང་ ངོ་སྤྲོད་ཕུལ་ཡི།
དེ་ཡང་ སྤྱི་ཟླ་༦ པའི་ཚེས་༢༡ ལུ་ དངུལ་རྩིས་བློན་པོ་གིས་ འཆར་དངུལ་དཔྱ་བགོ་འདི་ དཔལ་འབྱོར་བསྐྱར་གསོའི་གཞི་རྩ་ མི་སྟོབས་འཇོན་ཚད་ཡར་དྲག་དང་ བཟའ་འཐུང་དང་ ཟས་བཅུད་ཉེན་སྲུང་ མི་མང་མཁོ་ཆེའི་ཞབས་ཏོག་(འཁོར་ལམ་དང་ འཐུང་ཆུ)་ མི་སྡེ་ཉེན་སྲུང་ (ཤེས་རིག་དང་ གསོ་བ) ས་གནས་གཞུང་གི་ ལས་སྣ་ཚུ་ལུ་ བཞག་ཐོག་ལས་ བགོ་བཀྲམ་འབད་འབདཝ་ཨིན་ཟེར་ ཞུ་ཡི།
བློན་པོ་གིས་ འཆར་ལོ་༢༠༢༢-༢༠༢༣ གྱི་དོན་ལུ་ འཆར་དངུལ་ས་ཡ་༨༡,༨༢༧.༣༡༡ བཞག་ཡོདཔ་ད་ རྒྱུན་སྐྱོང་ཟད་འགྲོ་དོན་ལུ་ འཆར་དངུལ་ས་ཡ་༣༦,༣༤༠.༩ དང་ གསར་སྒྲུབ་ཀྱི་དོན་ལུ་ འཆར་དངུལ་ས་ཡ་༣༨,༤༦༦.༩ བཞག་ཡོདཔ་བཞིན་དུ་ བསྐྱིན་ཚབ་བཏབ་ནི་དོན་ལུ་ འཆར་དངུལ་ས་ཡ་༥༧༤༠.༥ དེ་ལས་ སྐྱིན་འགྲུལ་དོན་ལུ་ འཆར་དངུལ་ས་ཡ་༡༢༧༨.༩ བགོ་བཀྲམ་འབད་དེ་ཡོད་ཟེར་ ཞུ་ཡི།
དཔྱ་བགོ་ལས་འབད་བ་ཅིན་ མི་སྟོབས་འཇོན་ཚད་ཡར་དྲག་གི་དོན་ལུ་ བརྒྱ་ཆ་༥ དང་ བཟའ་འཐུང་དང་ ཟས་བཅུད་ཉེན་སྲུང་དོན་ལུ་ བརྒྱ་ཆ་༡༠ འཁོར་ལམ་དང་ འཐུང་ཆུའི་དོན་ལུ་ བརྒྱ་ཆ་༡༥ ཤེས་རིག་གི་དོན་ལུ་ བརྒྱ་ཆ་༡༦ གསོ་བ་གི་དོན་ལུ་ བརྒྱ་ཆ་༡༣ དང་ གཞུང་ལྟེ་བའི་ལས་སྣ་ཚུ་རྩིས་ཏེ་ ས་གནས་གཞུང་གི་དོན་ལུ་ དཔྱ་བགོ་ཡོངས་བསྡོམས་བརྒྱ་ཆ་༤༧ ཨིན་ཟེར་ ཞུ་ཡི།
ད་རུང་ འཆར་ལོ་༢༠༢༡-༢༠༢༢ ཀྱི་ ལྷན་ཐབས་མ་དངུལ་ས་ཡ་༣,༨༦༦.༩༣༣ བཞག་ཡོདཔ་ལས་ ལྷན་ཐབས་མ་དངུལ་རྩིས་ཏེ་ རྒྱལ་ཡོངས་འཆར་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་༨༤,༣༥༠.༠༨༣ ཡོད་ཟེར་ ཞུ་ཡི།
དེ་ལས་ དཔལ་འབྱོར་ལས་དོན་ཚོགས་ཆུང་གི་ འཐུས་མི་ཚུ་གིས་ ཟད་འགྲོ་ཚད་འཛིན་ག་དེ་ཅིག་ འབད་ཡི་ག་དང་ འཆར་དངུལ་དཔྱ་བགོ་དཔྱད་ཡིག་གིས་ སྒེར་གྱི་ལས་སྡེ་ཚུ་ལུ་ ཁེ་ཕན་ག་དེ་སྦེ་ཡོད་ག་ དེ་ལས་ རྒྱུན་སྐྱོང་རྩིས་ཆད་དང་ དངུལ་གྱི་རྩིས་ཆད་གཉིས་བྱུང་ཡོད་མི་གིས་ སྟབས་མ་བདེཝ་སྦོམ་བྱུང་ནིའི་ ཉེན་ཁ་སྦོམ་ཡོདཔ་ལས་ དེ་ལུ་གདོང་ལེན་འབད་ནི་གི་ ཐབས་ཤེས་དང་ ཐབས་ལམ་ཚུ་ ག་ཅི་ར་བཏོན་ཏེ་ཡོད་ག་ཟེར་བའི་ དྲི་བ་ཞུ་ཡི།
འཐུས་མི་གཞན་ཚུ་གིས་ཡང་ དཔྱ་བགོ་དཔྱད་ཡིག་ནང་ ཁ་གསལ་བཀོད་དེ་མེད་པའི་ དོགས་སེལ་དང་ སྲིད་བྱུས་ལམ་ལུགས་ ལེགས་ཤོམ་དགོ་པའི་སྐོར་དང་ གཞན་ཡང་ འཆར་དངུལ་དང་འབྲེལ་བའི་ འདྲི་བ་དང་ བསམ་འཆར་བཀོད་མི་ལུ་ བློན་པོ་གིས་ དོགས་སེལ་གྱི་ལན་ཚུ་ ཞུ་ཡི།
དེ་གི་ཤུལ་ལས་ ཚོགས་ཁང་གིས་ འཆར་དངུལ་སྙན་ཞུ་གུ་ གསུང་གྲོས་གནང་ཡོདཔ་ད་ འཆར་དངུལ་དཔྱ་བགོའི་དཔྱད་ཡིག་དང་ ལྷན་ཐབས་འཆར་དངུལ་དཔྱ་བགོའི་དཔྱད་ཡིག་གུ་ ཁ་ཙ་ དངུལ་རྩིས་བློན་པོ་རྣམ་རྒྱལ་ཚེ་རིང་གིས་ ངོ་སྤྲོད་ཕུལ་ཡོདཔ་ཨིན།
རྒྱལ་ཡོངས་ཚོགས་སྡེའི་ནང་ དཔྱད་ཡིག་དེ་གཉིས་གུ་ ད་རིས་འཕྲོ་མཐུད་ གསུང་གྲོས་གནང་ནི་ཨིན་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།