ཚོགས་རྒྱན་སྐྱུར་མི་ཚུ་གིས་ འགན་ཁུར་ཚུལ་ལྡན་འབག་དགོཔ།

༉ ཟླ་ངོ་༢ ལྷགཔ་ཅིག་གི་རྒྱབ་ལས་ ཁྱད་ཡོན་ལྡན་པའི་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ རྫོང་ཁག་༢༠ ལས་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་རེ་ བཙག་འཐུ་འབད་ནིའི་དོན་ལུ་ ད་ལྟོ་ གྲ་སྒྲིག་རྐྱབ་པའི་བསྒང་ཡོདཔ་ཨིན།
ད་ལྟོ་ཡོད་མི་ རྒྱལ་ཡོངས་ཚོགས་སྡེ་གི་ གནས་ཡུན་འདི་ དུས་ཅི་ སྤྱི་ཟླ་༥ པའི་ཚེས་༡༠ ལུ་ ཚང་ནི་ཨིནམ་ལས་ སྤྱི་ཚོགས་གསུམ་པའི་ བཙག་འཐུའི་ཚོགས་རྒྱན་གྱི་ཉིནམ་འདི་ སྤྱི་ཟླ་༤ པའི་ཚེས་༢༠ ལུ་ འགོ་འདྲེན་འཐབ་དགོཔ་སྦེ་ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འབྲུག་གི་བཙག་འཐུ་ལྷན་ཚོགས་ལུ་ བཀའ་རྒྱ་གནང་མི་དེ་ཡང་ རྩ་ཁྲིམས་ཆེན་མོ་དང་འཁྲིལ་ཏེ་ བསྐྱར་ཞིབ་ཚོགས་ཁང་འདི་ གནས་ཡུན་ཚང་བའི་ ཚེས་གྲངས་དེ་ཁར་ བསྐྱར་འཛུགས་འབད་ཐབས་ལུ་ཨིན་མས།
མི་དབང་མཆོག་གི་ བཀའ་ཤོག་ནང་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ ཁ་ཐུག་ལས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་འདི་ རྩ་ཁྲིམས་ཆེན་མོ་དང་ བཙག་འཐུ་དང་འབྲེལ་བའི་ཁྲིམས་ལུགས་ བཅའ་ཡིག་དང་ སྒྲིག་གཞི་ཚུ་དང་འཁྲིལ་ཏེ་ འགོ་འདྲེན་འཐབ་དགོཔ་སྦེ་ བཀོད་གནང་ནུག
ཁ་ཙ་ཕྱི་རུ་ བཙག་འཐུ་ལྷན་ཚོགས་ཀྱིས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་ཚོགས་རྒྱན་གྱི་ ཚེས་གྲངས་གསལ་བསྒྲགས་འབདཝ་དང་འབྲེལ་ བཙག་འཐུའི་ནང་ དོ་འགྲན་འབད་ཐབས་ལུ་ ད་ཚུན་གྱི་བར་ན་ ས་ལང་སྟེ་སྡོད་མི་ རེ་བ་ཅན་གྱི་ མི་ངོ་ཚུ་གི་དོན་ལུ་ གནས་ཚུལ་བཟང་པོ་ཅིག་ཨིན་རུང་ ཚོགས་རྒྱན་སྐྱུར་མི་ཚུ་གི་དོན་ལས་ རང་སོའི་ཐོབ་དབང་ཚུ་ རང་མོས་རྣམ་དག་ཐོག་ སྤྱོད་ནི་ལུ་ འགན་ཁུར་ལྕི་དྲགས་འབག་ནི་གི་ དུས་ཚོད་རནམ་ཨིན་མས།
ད་ཚུན་གྱི་བར་ན་ རྒྱལ་ཁབ་ནང་འཁོད་ལས་ དང་འདོད་ཅན་གྱི་ མི་ངོ་༡༧༢ ཀྱིས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ འབྲུག་གི་བཙག་འཐུ་ལྷན་ཚོགས་དང་གཅིག་ཁར་ ཐོ་བཀོད་འབད་དེ་ཡོདཔ་མ་ཚད་ ད་ལྟོ་ གནས་ཡུན་མ་ཚང་མི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་༡༤ དེ་ཅིག་གིས་ བཙག་འཐུ་ཐེངས་གསུམ་པའི་ནང་ ལོག་བཅའ་མར་གཏོགས་ནི་གི་ ལོ་རྒྱུས་ཡོདཔ་ལས་ རྒྱལ་ཡོངས་དང་ མི་སེར་གྱི་དོན་ལུ་ མང་པའི་སྦུག་ལས་སེལ་ནི་དང་ ཉུང་པའི་སྦུག་ལས་ གདམ་ནི་གི་ གོ་སྐབས་ལེགས་ཤོམ་ཅིག་ཨིན་མས།
འདི་འབདཝ་ལས་ ང་བཅས་རའི་ དམངས་གཙོའི་རིང་ལུགས་ མཐར་འཁྱོལ་འབྱུང་ནི་དང་ དོན་སྨིན་ཅན་སྦེ་ ལྷན་ཐབས་འབད་ནིའི་དོན་ལུ་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་འདི་ རྩ་ཆེ་ཤོས་ཅིག་སྦེ་ ངོས་ལེན་འབད་དེ་ འགན་ཁུར་རྩ་ཅན་ འབག་དགོཔ་བཞིན་དུ་ འགན་ཁུར་དེ་ཡང་ རྩ་བ་གསུམ་ལུ་ ཕན་ཐོགས་ཚུགས་མི་ འདེམས་ངོ་ཚུ་ལུ་ ང་བཅས་དང་ ང་བཅས་རའི་ ནོརབུ་དང་འདྲ་བའི་ ཚོགས་རྒྱན་བསྐྱུར་ནི་དེ་ཨིན།
ག་འཆརཔ་ཟེར་བ་ཅིན་ ང་བཅས་རའི་ ཚོགས་རྒྱན་ཕུད་རྡོག་གཅིག་ལུ་བརྟེན་ ཁྲིམས་ཀྱི་རིང་ལུགས་དང་ གཞུང་སྐྱོང་ལེགས་ལྡན་ འདྲ་མཉམ་དང་ དྲང་ཁྲིམས་ཀྱི་ གཞི་རྩ་ཚུ་ལུ་ ལྷན་ཐབས་འབད་དེ་ རྣམ་དག་ཅན་གྱི་ མི་སྡེའི་ནང་ ག་ར་ལུ་ གོ་སྐབས་དང་ ཕུན་སུམ་ཚོགས་ཏོག་ཏོ་ ངེས་བརྟན་ཡོདཔ་ བཟོ་ཐབས་ལུ་ཨིན།
ང་བཅས་རའི་ དམངས་གཙོའི་རིང་ལུགས་དེ་ མདུན་ལམ་ག་ཅི་བཟུམ་ནང་ ཞུགས་ནི་ཨིན་ན་ ང་བཅས་ཀྱིས་ བཙག་འཐུ་འབད་མི་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ཚུ་གི་ ལྕོགས་གྲུབ་དང་ འཇོན་ཐངས་ལུ་ རག་ལས་ནི་ཨིནམ་ལས་ ག་ནི་བ་ རྩ་ཆེ་བའི་ འགན་ཁུར་འདི་ནང་ འཐུས་ཤོར་བཅུག་ནི་མི་འོང་།
དེ་གི་ནང་དོན་ཉིད་ལས་ རྒྱལ་ཡོངས་ཚོགས་སྡེ་འདི་ ཁྲིམས་བཟོའི་བྱ་སྒོ་འཐབ་ནི་གིས་མ་ཚད་པར་ རྒྱལ་ཁབ་ཀྱི་ རང་བཙན་དང་བདེ་སྲུང་ རྒྱལ་ཁབ་དང་ མི་སེར་གྱི་ མཐའ་དོན་ལུ་ གནོད་ཉེན་ཡོད་པའི་སྐོར་ལས་ འབྲུག་རྒྱལ་པོ་མཆོག་དང་ བློན་ཆེན་ རྒྱལ་ཡོངས་ཚོགས་འདུ་ལུ་ སྙན་སྒྲོན་ཕུལ་དགོ་པའི་ གནད་དོན་ཚུ་གི་ བསྐྱར་ཞིབ་ཚོགས་ཁང་ཅིག་སྦེ་ དང་ལེན་བསྒྲུབ་དགོཔ་ལས་ ཚོགས་རྒྱན་སྐྱུར་མི་ཆ་མཉམ་གྱིས་ རང་སོའི་ཐོབ་དབང་ཚུ་ ལག་ལེན་རྣམ་དག་སྦེ་འཐབ་སྟེ་ འགན་ཁུར་ཧྲིལ་བུ་འབག་ཐོག་ལས་ ཐ་དམ་ཚིག་ཅན་ ལྕོགས་གྲུབ་དང་ འོས་འབབ་དྲག་ཤོས་ཡོད་པའི་ འདེམས་ངོ་ཚུ་ བཙག་འཐུ་འབད་དགོཔ་དེ་ ག་ནི་བ་ གལ་ཆེ་ཟེར་ ཞུ་ནི་ཨིན།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *