ཚོགས་རྒྱན་འདི་ མི་སེར་གྱི་ ལག་པར་ཡོདཔ།

༉ འབྲུག་གིས་ སྤྱི་ཟླ་༤ པའི་ཚེས་༢༠ ལུ་ བཙག་འཐུ་འབད་ནི་ཨིན་མི་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ རྒེད་འོག་༢༠༥ ལས་ འདེམས་ངོ་༡༢༧ གདམ་འཐུ་འབད་མི་དང་བསྟུན་ འདེམས་ངོ་ཚུ་གིས་ སྐུལ་བསྒྲགས་འབད་ནི་ འགོ་བཙུགས་ཏེ་ཡོདཔ་ཨིན།
མ་གཞི་ རྒེད་འོག་གདམ་ངོའི་ འཛོམས་འདུ་ཚུ་ནང་ འདེམས་ངོ་༡༣༠ གདམ་འཐུ་འབད་ཡོད་རུང་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ གདམ་ངོའི་ཡིག་ཆ་ཚུ་ བརྟག་དཔྱད་འབདཝ་ད་ གདམ་ངོ་༢ ཀྱི་ མཐོ་རིམ་ཤེས་ཚད་ཀྱི་ ངོ་སྦྱོར་ཡི་གུ་མེད་པའི་ཁར་ གདམ་ངོ་༡ གྲ་སྒྲིག་མེད་མི་ལུ་བརྟེན་ འདེམས་ངོ་ལས་ རྒྱབ་བཤུད་རྐྱབ་ནུག།
འདི་འབདཝ་ལས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ འདེམས་ངོ་༡༢༧ གྱིས་ བཅའ་མར་གཏོགས་ནི་ཨིནམ་བཞིན་དུ་ སྤྱི་ལོ་༢༠༠༨ དང་༢༠༡༣ གྱི་ གདམ་ངོ་མི་ཚུ་དང་ཕྱདཔ་ད་ ད་རེས་ གྱངས་ཁ་ལོག་ལྟབ་ཀྱིས་ མངམ་ཨིན་མས།
སྤྱི་ལོ་༢༠༠༨ ལུ་ རྒྱལ་ཡོངས་བསྐྱར་ཞིབ་ཚོགས་ཁང་གི་དོན་ལུ་ དོ་འགྲན་འབད་མི་ འདེམས་ངོ་༥༢ དང་ སྤྱི་ལོ་༢༠༡༣ ལུ་ འདེམས་ངོ་༦༧ ཐོན་ཡོདཔ་ད་ འདི་བཟུམ་མའི་ དང་འདོད་ཅན་གྱི་ འདེམས་ངོ་མངམ་ཐོན་མི་དེ་ ངལ་རངས་དགོཔ་ཅིག་ཨིན་མི་དེ་ཡང་ སྤྱི་ཚོགས་དང་འབྲེལ་བའི་ བཙག་འཐུའི་ནང་ མི་ཚུ་གིས་ བཅའ་མར་གཏོགས་ནི་ལུ་ སྤྲོ་བ་བསྐྱེད་པའི་ བརྡ་མཚོན་ཨིན་མས།
བཙག་འཐུ་༣ པའི་ནང་ དོ་འགྲན་འབད་མི་ འདེམསས་ངོ་མངམ་ཡོད་མི་གུ་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་སྐྱུར་མིའི་ གྱངས་ཁ་ཡང་༥༢,༢༡༡ ཡར་འཕར་སོང་ཡོདཔ་ལས་ སྐྱེས་ལོ་༡༨ ཡན་ཆད་འབད་མི་ འབྲུག་མི་༤༣༢,༠༣༠ གིས་ གསང་བའི་ ཚོགས་རྒྱན་བཙུགས་ཆོག་ནི་ཨིན་མས།
སྤྱི་ཟླ་༣ པའི་ཚེས་༢༣ ལུ་ བཙག་འཐུ་ལྷན་ཚོགས་ཀྱིས་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མིའི་ཐོ་ གསལ་བསྒྲགས་འབད་མི་དང་འཁྲིལ་བ་ཅིན་ མི་སེར་༤༣༢,༠༣༠ གིས་ ཚོགས་རྒྱན་བཙུགས་ནི་གི་ ཁྱད་ཚད་ལྡན་མིའི་གྲས་ལས་ ཨམ་སྲུ་༢༢༠,༨༨༡ དང་ ཕོ་སྐྱེས་༢༡༡,༡༤༩ ཨིན་མས།
འདི་འབདཝ་ད་ ཚོགས་རྒྱན་སྐྱུར་མི་ ཆ་མཉམ་ར་ ཚོགས་རྒྱན་བཙུགས་པར་ མི་འོང་ནི་ཨིན་རུང་ རྒྱལ་ཡོངས་ཚོགས་སྡེ་དེ་ རང་སོའི་ཁྲིམས་བཟོའི་བྱ་སྒོ་ཚུ་གིས་ཚད་པར་ རྒྱལ་ཁབ་ཀྱི་ རང་བཙན་དང་ བདེ་སྲུང་ རྒྱལ་ཁབ་དང་ མི་སེར་གྱི་མཐའ་དོན་ལུ་ གནོད་ཉེན་ཡོད་པའི་སྐོར་ འབྲུག་རྒྱལ་པོ་མཆོག་དང་ བློན་ཆེན་ རྒྱལ་ཡོངས་ཚོགས་འདུ་ལུ་ སྙན་སྒྲོན་ཕུལ་དགོ་པའི་ གནད་དོན་ཚུ་གི་ བསྐྱར་ཞིབ་ཚོགས་ཁང་ཅིག་སྦེ་ དང་ལེན་སྒྲུབ་དགོཔ་མ་ཚད་ གཞུང་སྐྱོང་དང་ ལྡོག་ཕྱོགས་ཀྱི་ བྱ་སྒོ་ཚུ་ ལྟ་རྟོག་དང་ བསྐྱར་ཞིབ་འབད་མི་ ཚོགས་ཁང་ཅིག་ཨིན།
འདི་འབདཝ་ལས་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ཚུ་ བཙག་འཐུ་འབད་ནི་དེ་ འབྲུག་མི་ཡོངས་ཀྱི་ འགན་ཁུར་རྩ་ཅན་ཅིག་ཨིན། ད་རེས་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་སྐྱུར་མི་ ཡར་འཕར་སོང་ཡོད་རུང་ འཕྲལ་ཁམས་ཅིག་ཁར་ གདམ་ངོའ་ིའཛོམས་འདུ་ཚུ་ནང་ ཚོགས་རྒྱན་བཙུགས་མི་ ཉུང་སུ་ཅིག་ལས་བརྒལ་མེད་མི་དེ་ཡང་ རགས་རྩིས་དང་འཁྲིལཝ་ད་ རྒྱལ་ཁབ་ནང་འཁོད་ལུ་ རྒྱལ་ཡོངས་ཚོགས་སྡེའི་ མི་ངོམ་༡༧༠ ཐོན་ཡོད་མི་ལས་༡༣༠ གདམ་འཐུ་འབད་ནིའི་དོན་ལུ་ མི་གྲངས་༥༣,༤༦༤ རྐྱངམ་གཅིག་གིས་ ཚོགས་རྒྱན་བཙུགས་ནུག།
གནས་སྟངས་འདི་ལུ་ལྟཝ་ད་ མི་ཚུ་གིས་ རྒྱལ་ཡོངས་ཚོགས་སྡེ་དང་ བཙག་འཐུ་ལུ་ དག་སྣང་ཆུང་སུ་དང་ སྤྲོ་བ་རྒྱ་ཆེཝ་སྦེ་ བསྐྱེད་ནི་མེད་པའི་ བརྡ་མཚོན་སྟོན་དོ་ཡོདཔ་ད་ སྤྱི་ལོ་༢༠༠༨ ལུ་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་སྐྱུར་མི་༣༡༢,༨༡༧ ཡོད་རུང་ བརྒྱ་ཆ་༥༣.༠༥ རྐྱངམ་གཅིག་གིས་ ཚོགས་རྒྱན་བཙུགས་པའི་ཁར་ སྤྱི་ལོ་༢༠༡༣ ལུ་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༣༧༩,༨༡༩ ཡོད་ས་ལས་ ཚོགས་རྒྱན་བཙུགས་མི་ བརྒྱ་ཆ་༤༥.༡༥ མ་གཏོགས་མ་ཐོན་པས།
བཙག་འཐུ་ལྷན་ཚོགས་ཀྱི་ ཁ་ཐུག་ལས་ སྤྱི་ལོ་༢༠༡༨ ཀྱི་ བཙག་འཐུའི་བྱ་རིམ་ཚུ་ མཐར་འཁྱོལ་ཅན་ འབྱུང་ནི་དང་ ཚོགས་རྒྱན་བཙུགས་མིའི་གྱངས་ཁ་ ཡར་སེང་འབད་ཐབས་ལུ་ འགྲེམ་ཐོག་ཚོགས་རྒྱན་དང་ ཁྲོམ་སྡེ་ཚུ་ནང་ ལྷན་ཐབས་ཚོགས་རྒྱན་ས་ཁོངས་ཚུ་ གཞི་བཙུགས་འབད་ནི་ཨིན་རུང་ འདས་པའི་ཉམས་མྱོང་ཚུ་དང་འཁྲིལ་བ་ཅིན་ འདེམས་ངོ་ཚུ་མངམ་ཐོན་རུང་ ཚོགས་རྒྱན་བཙུགས་མིའི་ གྱངས་ཁ་མར་འབབ་འགྱོ་མིའི་ རྒྱུ་རྐྱེན་ག་ཅི་ཨིན་ན་ ཤེས་དགོཔ་འདུག།
ཚོགས་རྒྱན་འདི་ ང་བཅས་རའི་ མི་སེར་གྱི་ ལག་པར་ཡོདཔ་ལས་ བཙག་འཐུའི་ནང་ གྲལ་གཏོགས་མ་འབད་བ་ཅིན་ རྒྱལ་ཁབ་དང་ མི་སེར་ལུ་ ཕན་ཐོགས་ཚུགས་པའི་ འདེམས་ངོ་ལྕོགས་གྲུབ་དང་ འཇོན་ཐངས་ཅན་ཚུ་ བཙག་འཐུ་འགྲུབ་མི་ཚུགས། འདི་འབདཝ་ལས་ ཚོགས་རྒྱན་བཙུགས་མི་ཚུ་གིས་ རང་སོའི་ཐོབ་དབང་ ཚུལ་ལྡན་སྦེ་སྤྱོད་དེ་ ཁྱད་པར་བཟོ་ནིའི་དོན་ལུ་ བཙག་འཐུའི་ཉིན་མར་ རང་སོའི་ནོརབུ་དང་འདྲ་བའི་ གསང་བའི་ཚོགས་རྒྱན་བཙུགས་པར་ འགྱོ་ནི་དེ་ ག་ནི་བ་གལ་ཆེ།

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *