ཚོགས་རྒྱན་བཙུགས་ནི་ལུ་ བྱ་སྟབས་བདེ་ དྲགས་བཟོ་ཡོདཔ།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ ད་རིས་ཀྱི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ལས་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས་ཀྱི་ མཐུན་རྐྱེན་བཟོ་ཡོདཔ་བཞིན་དུ་ ཁ་ཙ་ལས་ རྒྱལ་ཁབ་ཀྱི་ ས་གནས་མཐའ་དབུས་མེད་པར་ ལྷན་ཐབས་ས་ཁོངས་བསྡོམས་༦༩ བཟོ་མི་ཚུ་ནང་ རང་སོའི་གསང་བའི་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ནི་ འགོ་བཙུགས་ཅི།
འདི་བཟུམ་མའི་ མཐུན་རྐྱེན་བཟོ་མི་དེ་ རྒྱལ་ཁབ་ནང་ ལོ་ངོ་བཅུ་ཕྲག་གི་ཧེ་མར་ དམངས་གཙོའི་རིང་ལུགས་ གཞི་བཙུགས་འབད་ཞིནམ་ལས་ཚུར་ འགོ་དང་པ་ཨིནམ་ལས་ འགྲེམ་ཐོག་ཚོགས་རྒྱན་སྐྱུར་མི་ཚུ་ལས་ ངོས་ལེན་ལེགས་ཤོམ་འབདཝ་ཨིན་མས།
དམངས་གཙོའི་རིང་ལུགས་ནང་ མི་མང་གི་ གྲལ་གཏོགས་དེ་ ཁག་ཆེཝ་བཞིན་དུ་ ཐག་བཅད་ཀྱི་ བྱ་རིམ་དེ་ཡང་ ཚོགས་རྒྱན་བསྐྱུར་ནི་ལས་ འགོ་བཙུགས་མི་ལུ་བརྟེན་ཨིན།
མ་གཞི་ ཁ་ཙ་ རྒྱལ་ཁབ་ཀྱི་ ས་གནས་ཁག་སོ་སོའི་ནང་ འགྲེམ་ཐོག་ཚོགས་རྒྱན་བཙུགས་པར་ བཙན་རེ་ནར་རེ་སྦེ་ འོང་ཡོདཔ་ལས་ གྱངས་ཁ་རྒྱ་ཆེཝ་སྦེ་མེད་རུང་ ད་རིས་དང་ ནངས་པར་ཡང་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ནི་གི་ དུས་ཚོད་ཡོདཔ་ལས་ མི་མངམ་འཐོན་ནི་གི་ འོས་འབབ་འདུག།
ག་འཆརཔ་ཟེར་བ་ཅིན་ རྫོང་ཁག་༢༠ ནང་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས་༦༠ དང་ དབང་པོ་ལུ་ ཐོ་ཕོག་མི་དང་ བཙོན་པ་ཚུ་གི་དོན་ལུ་ འགྲུལ་སྐྱོད་རྒྱན་ཤོག་ལྷན་ཐབས་མཐུན་རྐྱེན་༩ ནང་ མི་གྲངས་༥༩,༧༤༩ གིས་ འགྲེམ་ཐོག་ཚོགས་རྒྱན་ཚོགས་རྒྱན་བཙུགས་ནི་གི་ ཐོ་བཀོད་འབད་ཡོདཔ་བཞིན་དུ་ ཁོང་ག་ར་གིས་ འགྲེམ་ཐོག་ཚོགས་རྒྱུན་བཙུགས་པར་ འོང་པ་ཅིན་ ཚོགས་རྒྱན་བཙུགས་མིའི་གྱངས་ཁ་ ལེ་ཤ་གིས་ ཡར་སེང་འགྱོ་ནི་ཨིན་མས།
དེ་གུ་ ཐད་ཀར་དུ་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་༢༩,༡༦༦ ཡོདཔ་ལས་ འདས་པའི་བཙག་འཐུ་གཉིས་དང་ཕྱདཔ་ད་ ལྷན་ཐབས་ས་ཁོངས་བཟོ་མི་ཚུ་ལུ་བརྟེན་ ཚོགས་རྒྱན་བཙུགས་མིའི་ གྱངས་ཁ་ཡར་འཕར་འགྱོ་ནི་ལུ་ ལྷན་ཐབས་འབྱུང་ནི་ཨིན་མས།
ད་རིས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་༣ པའི་དོན་ལུ་ རྒྱལ་ཁབ་ཀྱི་ རྫོང་ཁག་༢༠ ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༤༣༢,༠༣༠ ཡོད་མིའི་གྲས་ལས་ བརྒྱ་ཆ་༢༠.༥ དེ་ཅིག་གིས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ནི་ལུ་ ཐོ་བཀོད་འབད་ཡོད་མི་ལས་ ཕོ་སྐྱེས་༥༡,༤༥༢ དང་ ཨམ་སྲུ་༢༧,༤༦༣ འདུག།
སྤྱི་ལོ་༢༠༡༣ གྱི་ བཙག་འཐུ་ནང་ ད་རེས་བཟུམ་སྦེ་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས་ཀྱི་ གོ་སྐབས་མེད་མི་ལུ་བརྟེན་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཐོ་བཀོད་འབད་མི་ མི་གྲངས་༤༠,༧༠༡ རྐྱངམ་གཅིག་གིས་ ཐོ་བཀོད་འབད་ནུག།
དེ་བཟུམ་སྦེ་ རྩ་ཁྲིམས་ཆེན་མོ་གིས་ འབྲུག་པའི་མི་སེར་ཡོངས་ལུ་ གཞི་རྟེན་གྱི་ ཐོབ་དབང་འདྲ་མཉམ་གནང་ཡོད་མི་དང་འཁྲིལ་ བཙག་འཐུ་ལྷན་ཚོགས་ཀྱིས་ བཙོན་པ་དང་ དབང་པོ་སྐྱོན་ཅན་ཚུ་ལུ་ཡང་ ཚོགས་རྒྱན་བསྐྱུར་ནི་གི་ ཐོབ་དབང་སྤྱོད་ཚུགས་ནིའི་དོན་ལུ་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ནི་གི་ གོ་སྐབས་བཟོ་མི་དེ་ཡང་ བཙག་འཐུ་འགོ་དཔོན་ཚུ་གིས་ ཁོང་སྡོད་སའི་ ས་གོ་ནང་ འགྱོ་ཞིནམ་ལས་ རང་སོའི་གསང་བའི་ ཚོགས་རྒྱུན་བཙུགས་བཅུག་ནི་ཨིནམ་ལས་ བསྟོད་པར་འོས་པའི་ ཐབས་ལམ་ཅིག་ཨིནམ་ད་ མཐུན་རྐྱེན་དེ་གི་དོན་ལུ་ བཙོན་པ་དང་ དབང་པོ་སྐྱོན་ཅན་༨༣༧ གྱིས་ ཐོ་བཀོད་འབད་ནུག།
ད་རུང་ མིག་ཏོ་ལུ་ ཐོ་ཕོག་མི་ཚུ་གི་དོན་ལས་ འབུར་ཡིག་ལག་ལེན་འཐབ་ཐོག་ལས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་བཅུག་ནི་གི་ ཐབས་ཤེས་བཏོན་མི་དེ་ཡང་ ང་བཅས་ཀྱིས་ ལྷན་ཚོགས་ལུ་ བསྟོད་བསྔགས་བརྗོད་དགོཔ་ཅིག་ཨིན་རུང་ འབུར་ཡིག་ལག་ལེན་འཐབ་ཐོག་ལས་ འགྲེམ་ཐོག་ཚོགས་རྒྱུན་སྐྱུར་མི་དེ་ གྱངས་ཁ་ཆོདཔ་ཅིག་ལས་བརྒལ་མེདཔ་མ་ཚད་ ཟད་འགྲོ་ཡང་ ལྕི་དྲགས་གནས་མི་ལུ་བརྟེན་ ཐབས་བྱུས་དེ་ བཤོལ་བཞག་དགོཔ་བྱུང་ནུག།
འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས་ ལག་ལེན་འཐབ་ཐོག་ལས་ ཚོགས་རྒྱན་བཙུགས་ནི་དེ་ ད་རིས་དང་ ནངས་པར་ཚུན་ འགོ་འདྲེན་འཐབ་ནི་ཨིནམ་ལས་ ཐོ་བཀོད་འབད་མི་ཚུ་གིས་ཡང་ དལ་ཁོམ་མེད་རུང་ ད་རེས་ བྱ་སྟབས་བདེ་ཏོག་ཏོ་བཟོ་མི་དེ་ འཕྲོ་བརླག་མ་བཏང་པར་ དུས་ཚོད་བཏོན་ཐོག་ལས་ ལྕོགས་གྲུབ་ཅན་གྱི་ འདེམས་ངོ་ཚུ་ལུ་ འགྲེམ་ཐོག་ཚོགས་རྒྱན་བཙུགས་པར་ འགྱོ་ནི་དེ་ ག་ནི་བ་གལ་ཆེ།

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *