ཚོགས་དཔོན་དབང་ཕྱུག་རྣམ་རྒྱལ།

ཚོགས་བཞུགས་འགོ་འདྲེན་འཐབ་ནི་ལུ་ སློབ་ཁང་གི་ ཐབས་རིག་ཤེས་ལག་ལེན་འཐབ་དོ་ཡོདཔ།

༉ རྒྱལ་ཡོངས་ཚོགས་འདུའི་ ཚོགས་བཞུགས་༢ མཇུག་བསྡུ་ཡོདཔ་བཞིན་དུ་ དབང་འདུས་ཕོ་བྲང་ ཉི་ཤོ་-སྲས་ཕུག་གི་འཐུས་མི་ དབང་ཕྱུག་རྣམ་རྒྱལ་གྱིས་ ཕྱོགས་བཟུང་འབད་ནི་དེ་ ཚོགས་དཔོན་གྱི་ འོས་མཐུན་ལཱ་འགན་ཅིག་སྦེ་ བརྩི་འཇོག་འབདཝ་ཨིན་པས།
ཚོགས་དཔོན་གྱིས་ ཚོགས་ཁང་ནང་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་གི་ བསམ་འཆར་ལུ་ ཚོགས་རྒྱན་བཙུགས་ནིའི་དོན་ལས་ འདས་པའི་ཟླཝ་ནང་ མཇུག་བསྡུ་མི་ རྒྱལ་ཡོངས་ཚོགས་འདུའི་སྐབས་ བློན་ཆེན་ལུ་ གྲོས་བསྡུར་གྱི༌ ཡིག་ཆ༌ཚུ༌ རང་གི་ཚོར་སྣང་ཐོག་ བསྣམ་བྱོན་དགོ་པའི་སྐོར་ལས་ དྲན་གསོ་འབད་ཡོདཔ་ད་ ཚོགས་རིམ་འགོ་འདྲེན་འཐབ་པའི་སྐབས་ ཚོགས་དཔོན་ཁོ་ར་ སྦ་གསང་མེད་པར་ ཐད་ཀར་དུ་ གསུངས་མི་ཅིག་ཨིན་པས།
དཔལ་འབྱོར་དང་ དངུལ་རྩིས་ཚོགས་ཆུང་གིས་ གཞུང་དབང་ལས་སྡེ་ཚུ་གི་ བསྐྱར་ཞིབ་འབད་མིའི་ནང་ གྲོས་འདེབས་ཕུལ་མི་ཚུ་ལུ་ ཚོགས་རྒྱན་བཙུགས་པའི་སྐབས་ ཚོགས་རྒྱན་༢༠-༢༠ འདྲན་འདྲ་ཐོབ་སྟེ་ ཐག་བཅད་མ་ཚུགསཔ་ལས་ ཚོགས་དཔོན་གྱིས་ ཚོགས་རྒྱན་བཙུགས་དགོཔ་བྱུང་ནུག།
ལྷན་རྒྱས་གཞུང་ཚོགས་ཀྱི་ འཐུས་མི་ཚུ་གིས་ བཀོད་ཁྱབ་དབང་ཆའི་ནང་ ཧམ་འཛུལ་འབད་ནིའི་ ཚ་གྱང་ལུ་བརྟེན་ ཚོགས་ཆུང་གི་ གྲོས་འདེབས་ཚུ་ ཆ་མེད་བཏང་ཡོདཔ་ཨིན་པས།
ལྡོག་ཕྱོགས་དང་ གཞུང་སྐྱོང་གི་ དབང་ལུ་ཤོར་ནི་མེད་ཟེར་སླབ་མི་ ཚོགས་དཔོན་གྱིས་འབད་བ་ཅིན་ ཁོ་ར་ འབྲུག་མཉམ་རུབ་ཚོགས་པ་ལས་ བཙག་འཐུ་གྲུབ་ཡོད་རུང་ ཨ་རྟག་ར་ ཁོ་རའི་ ཚོགས་པའི་ཁོངས་སུ་གཏོགས་སུ་སྡོད་ནི་ མི་འོང་ཟེར་ཨིན་པས།
དབང་པོ་སྐྱོན་ཅན་ཚུ་གི་དོན་ལུ་ གསོ་བའི་སྨན་བཅོས་ཞབས་ཏོག་ སོ་སོར་སྦེ་ བཙུགས་དགོ་པའི་ གྲོས་དོན་ཕུལ་བའི་སྐབས་ གྲོས་དོན་ཕྱི་ཁ་ལས་ བསམ་འཆར་གསརཔ་ཞུ་ནི་གི་གོ་སྐབས་ བྱིན་མི་ལུ་བརྟེན་ འཐུས་མི་ལ་ལོ་ཅིག་ ཚོགས་དཔོན་ལུ་བལྟ་སྟེ་ སེམས་དང་མ་ལྡན་པས་ཟེར་ ཚོགས་དཔོན་གྱིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ འཐུས་མི་ཚུ་ལུ་ གནས་སྐབས་གསརཔ་ཚུ་ཡང་ དགོ་པའི་ཁར་ ཚོགས་ཁང་གིས་འབད་རུང་ ངོས་ལེན་འབད་ཐོག་ལས་ ཐག་བཏོག་དགོ་ཟེར་ཨིནམ་ད་ དཔེར་ན་ དབང་པོ་སྐྱོན་ཅན་ཚུ་གི་ གསོ་བའི་སྨན་བཅོས་ཞབས་ཏོག་གི་ སྲིད་བྱུས་ཟིན་བྲིས་ སྤྱི་ལོ་༢༠༡༧ ལས་ར་ འགོ་བཙུགས་ཡོད་རུང་ ང་བཅས་ཀྱིས་ ཐག་བཅད་མ་ཚུགས་པར་ ལོ་༣ ལང་སོ་ནུག་ཟེར་ བཤདཔ་ཨིན་པས།
ཚོགས་ཐེངས་ཚར་རེ་ འགོ་འདྲེན་འཐབ་ད་ ཚོགས་ཐེངས་གཅིག་བ་གཅིག་དྲགཔ་སྦེ་ ཡར་དྲག་འགྱོ་དགོཔ་ལས་ འཇོན་ཐངས་ཅན་གྱི་ ཚོགས་དཔོན་ཅིག་ལུ་ འགྱུར་ཐབས་ལུ་ ཁོ་ར་ ལྷབ་སྦྱང་འབད་དོ་ཡོདཔ་མ་ཚད་ ཚོགས་བཞུགས་དེ་ འཇམ་ཏོང་ཏོ་སྦེ་ ཚོགས་གཙོ་འབད་ཐབས་ལུ་ མཉམ་རོགས་འཐུས་མི་ཚུ་དང་ གྲོས་བསྟུན་འབད་དོ་ཟེར་ བཤདཔ་ཨིན་པས།
རྒྱལ་ཡོངས་ཚོགས་འདུའི་ གྲོས་ཆོད་ཚུ་ལུ་བརྟེན་ རྒྱལ་ཡོངས་ལུ་ ཕན་གནོད་གཉིས་ཆ་ར་ཡོདཔ་ལས་ ཚོགས་དཔོན་གྱི་ འགན་ཁུར་དེ་ ལྕི་དྲགས་འདུག་ཟེར་ ཚོགས་དཔོན་དབང་ཕྱུག་རྣམ་རྒྱལ་གྱིས་ བཤད་པའི་ཁར་ ཚོགས་དཔོན་གྱི་ གོ་གནས་ལེན་ཏེ་ ཚོགས་ཐེངས་དང་པ་ འགོ་འདྲེན་འཐབ་པའི་སྐབས་ ལཱ་ཁག་བཏང་ཡོད་རུང་ ཚོགས་ཐེངས་རེ་རེ་ནང་ ལྷབ་སྦྱང་འབད་ནི་གི་ བྱ་རིམ་ཅིག་ཨིནམ་ལས་ ད་རེས་ ཚོགས་བཞུགས་འགོ་འདྲེན་འཐབ་ནི་ལུ་ བློ་སྟོབས་ཐོབ་སྟེ་ཡོད་ཟེར་ཨིན་པས།
ཚོགས་དཔོན་ཁོ་ར་ སློབ་གྲྭའི་དབུ་འཛིན་འབད་བའི་ ཉམས་མྱོང་ཡོད་མི་ལུ་བརྟེན་ ཚོགས་བཞུགས་འགོ་འདྲེན་འཐབ་ནི་ལུ་ ལྷན་ཐབས་བྱུང་དོ་ཡོད་མི་དེ་ཡང་ སློབ་ཁང་གི་ རིག་རྩལ་ལུ་ ལག་ལེན་འཐབ་ནི་དེ་གིས་ཨིནམ་ད་ ཁོ་གིས་འབད་བ་ཅིན་ འཐུས་མི་ག་ར་ ཚེོགས་བཞུགས་ནང་ དྲན་པ་བཀུག་ཐོག་ལས་ གྲུབ་འབྲས་ཅན་གྱི་ གྲོས་བསྡུར་གནང་ནི་ལུ་ ཁྱད་པར་བཟོཝ་མ་ཚད་ འཐུས་མི་ཚུ་ གྲོས་བསྡུར་ནང་ འབྲེལ་འཛིན་འབདཝ་ད་ གནས་སྐབས་ལེགས་ཤོམ་ཚུ་ ཐོན་ཚུགས་པས་ཟེར་ཨིན་པས།
མ་གཞི་ ཚོགས་དཔོན་ཁོ་ར་ འབྲུག་མཉམ་རུབ་ཚོགས་པ་ལས་ གདམ་འཐུ་འབད་ཡོད་རུང་ ལྡོག་ཕྱོགས་དང་ གཞུང་གི་འཐུས་མི་ཚུ་གི་བར་ན་ ཁྱད་པར་ཕྱེ་ནི་མེདཔ་ལས་ ལྡོག་ཕྱོགས་ཀྱིས་ ཚོགས་བཞུགས་ནང་རྐྱངམ་གཅིག་ ཁོ་རའི་འགན་འཁྲི་ཚུ་ གནད་འགག་ཅན་ཨིནམ་ལས་ དུས་ཚོད་མངམ་ བྱིན་དགོཔ་ཡོད་མི་དེ་ཡང་ ཁོང་ལུ་ གཞུང་སྐྱོང་བཟུམ་སྦེ་ ཉིན་གྲངས་༣༦༥ དང་ བཞི་དཔྱ་གཅིག་མེད་ཟེར་ ཚོགས་དཔོན་གྱིས་ བཤདཔ་ཨིན་པས།
འཐུས་མི་ག་ར་ མི་སེར་ཚུ་གི་ ངོ་ཚབ་ཨིནམ་ལས་ ཚོགས་ཁང་ནང་ གནད་དོན་ཐོག་ལས་ ཕྱོགས་གཉིས་ཆ་ར་ དབྱེ་བ་མ་ཕྱེ་པར་ བསམ་འཆར་ཞུ་ནི་གི་ གོ་སྐབས་བྱིནམ་ད་ ཚོགས་གཙོ་འབད་བའི་སྐབས་ ཕྱོགས་བཟུང་མེད་པའི་ ཚོགས་དཔོན་གྱི་ འགན་ཁུར་འབགཔ་ད་ ཕན་ཐོགས་པས་ཟེར་ཨིན་པས།
ཚོགས་ཐེངས་༢ པ་ མཇུག་བསྡུ་བའི་ཤུལ་ལུ་ ཚོགས་དཔོན་ཁོ་ར་ དངུལ་ཕོགས་ཡར་སེང་དང་ རྩིས་ཞིབ་གནད་དོན་གྱི་ གྲུབ་འབྲས་ལེགས་ལྡན་བྱུང་མི་ལུ་ ངལ་རངས་བྱུང་སྟེ་ཡོདཔ་ད་ ཁོ་གིས་ སླབ་མིའི་ནང་ སློབ་དཔོན་དང་ གསོ་བའི་ལས་བྱེདཔ་ཚུ་ལུ་ དངུལ་ཕོགས་མཐོ་དྲགས་སྦེ་ ཡར་སེང་འབད་ཚུགས་མི་དེ་ མངོན་གསལ་ཆེ་བའི་ གྲུབ་འབྲས་ཅིག་ ཨིནམ་བཞིན་དུ་ ཁོང་ཆ་ཁྱབ་ལུ་ དངུལ་ཕོགས་མངམ་བྱིན་ནི་དེ་ དུས་ཚོད་ན་ཐན་རན་ཡི་ཟེར་ཨིན་པས།
ཚོགས་ཁང་ནང་ འབྲུག་རྗེས་སྒང་-རྩེ་བཟང་གི་འཐུས་མི་ འགྱུར་མེད་དབང་ཕྱུག་དང་ པཱན་སྦང་གི་འཐུས་མི་ རྡོ་རྗེ་དབང་འདུས་ཀྱི་བར་ན་ བྱ་སྒོའི་གནད་དོན་ཐོན་པའི་སྐབས་ ཚོགས་གཙོ་དེ་ ཚོགས་དཔོན་གྱིས་ འགོ་འདྲེན་མ་འཐབ་རུང་ དེ་བཟུམ་མའི་ བྱུང་རྐྱེན་ཚུ་ནང་ ཀུན་སྤྱོད་རྣམ་གཞག་རྒྱུན་སྐྱོང་གི་དོན་ལུ་ ཐབས་ཤེས་ཀྱི་སྒོ་ལས་ དང་ལེན་འབད་འོང་ཟེར་ ཚོགས་དཔོན་གྱིས་ བཤདཔ་ཨིན་པས།
ཚོགས་དཔོན་གྱིས་ ཚོགས་ཁང་གི་ སྒྲིག་ཁྲིམས་ལུ་ གནས་དགོཔ་སྦེ་ འཐུས་མི་གཉིས་ཆ་ར་ལུ་ དྲན་གསོ་འབད་ཡོདཔ་བཞིན་དུ་ འཐུས་མི་འགྱུར་མེད་དབང་ཕྱུག་རྐྱངམ་གཅིག་ལུ་ ཁ་ཉེས་བཀལ་ནི་མེན་པར་ འཐུས་མི་རྡོ་རྗེ་དབང་འདུས་ཀྱིས་ཡང་ བྱ་སྒོའི་ལ་ལུགས་ནང་ འགལ་སོ་ནུག་ཟེར་ཨིན་པས།
ཚོགས་དཔོན་གྱིས་ སྤྱི་ཟླ་༦ པའི་ཚེས་༢༥ ལུ་ ཚོགས་ཁང་ནང་ ཚོགས་གྲངས་མ་ཚང་མི་ལུ་བརྟེན་ ཚོགས་བཞུགས་ཆ་མེད་བཏང་མི་དེ་ གནད་དོན་ཚབས་ཆེན་མེན་ཟེར་ བཤདཔ་ཨིན་པས།
རྒྱལ་ཡོངས་ཚོགས་འདུའི་ཡོངས་ཁྱབ་དྲུང་ཆེན་ སངས་རྒྱས་གྲུ་པ་གིས་ སླབ་མིའི་ནང་ མ་གཞི་ ཚོགས་དཔོན་གྱིས་ ཚོགས་གཙོ་མཛད་དེ་ ཚོགས་ཐེངས་༢ ལས་བརྒལ་ མ་འགྱོ་རུང་ ད་ཚུན་གྱི་བར་ན་ ལེགས་ཤོམ་སྦེ་ འགོ་འདྲེན་འཐབ་ཡོདཔ་མ་ཚད་ འཐུས་མི་མང་ཤོས་ཅིག་གིས་ གོ་སྐབས་ཐོབ་ཚུགས་ཅི་ཟེར་ཨིན་པས།
ཚོགས་དཔོན་དེ་ སྦ་གསང་མེད་པར་ ཐད་ཀར་དུ་ གསུང་མི་ཅིག་སྦེ་ བརྩི་འཇོག་འབད་མི་ སྒང་ཟུར་-སྨིན་རྒྱས་ཀྱི་འཐུས་མི་ ཀུན་དགའ་དཔལ་འབྱོར་གྱིས་ ཚོགས་དཔོན་གྱིས་ ཚོགས་བཞུགས་འགོ་འདྲེན་འཐབ་མི་ལུ་ ངལ་རངས་བྱུང་ཡོདཔ་བཞིན་དུ་ ད་ལས་ཕར་ དེ་བ་དྲགཔ་སྦེ་ ཚོགས་གཙོ་མཛད་ནི་གི་ རེ་བ་ཡོད་ཟེར་ བཤདཔ་ཨིན་པས།
ལྡོག་ཕྱོགས་ཚོགས་པའི་འཐུས་མི་ བདེ་བ་ཐང་-སྒོམ་དར་གྱི་འཐུས་མི་ ཨྱོན་རྡོ་རྗེ་གིས་ སླབ་མིའི་ནང་ ཚོགས་དཔོན་གྱིས་ ཕྱོགས་ལྷུང་མེད་པར་ ཚོགས་རིམ་འགོ་འདྲེན་འཐབ་མི་དེ་ ཅོག་འཐདཔ་སྦེ་ རྒྱུན་འཛིན་འབད་དགོཔ་འདུག་ཟེར་ཨིན་པས།
དེ་འབདཝ་ད་ འཐུས་མི་ཅིག་གིས་འབད་བ་ཅིན་ ཚོགས་ཁང་ནང་ ཚོགས་དཔོན་གྱི་ འགན་ཁུར་དེ་ གྲོས་བསྡུར་ཚུ་ གྲོས་འཛིན་འབད་ནི་དེ་ཨིན་རུང་ དུས་ཡུན་མངམ་ཚོགས་དཔོན་གྱིས་ ལག་ལེན་འཐབ་མས་ཟེར་ཨིན་པས།
ཚོགས་དཔོན་གྱིས་འབད་བ་ཅིན་ འཐུས་མི་ཚུ་ལུ་ དུས་ཚོག་བྱིན་པའི་མཐའ་མར་ ཁོ་རའི་གནས་སྐབས་ཚུ་ཡང་ བརྗེ་སོར་འབད་ནི་དེ་ གལ་ཆེ་ཟེར་ཨིནམ་ད་ ཚོགས་ཁང་ནང་ འཐུས་མི་ག་རའི་བསམ་འཆར་ཚུ་ དགོཔ་ཨིན་རུང་ ཕན་རླབས་ཅན་བཟོ་ནི་དེ་ ཚོགས་དཔོན་གྱི་ འགན་ཁུར་ཨིནམ་བཞིན་དུ་ ཚོགས་དཔོན་གྱི་ གོ་གནས་དེ་ དབང་ཚད་མེན་པར་ འགན་ཁུར་ཨིན་ཟེར་ དབང་ཕྱུག་རྣམ་རྒྱལ་གྱིས་ བཤདཔ་ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *