ཚོགས་དཔོན་གྱིས་ སྤྱི་ཚོགས་ཀྱི་ གྲོས་ཆོད་ལུ་ ངོས་ལེན་འབད་དགོ་པའི་ཞུ་བ།

༉ འཆར་དངུལ་དཔྱ་བགོའི་བཅའ་ཡིག་༢༠༡༩-༢༠ ཅན་མའི་ནང་ གཞལམ་སྒང་རྫོང་ཁག་དེ་ ལྟ་བཤལ་གོང་འཕེལ་གཏང་ནིའི་ དམིགས་བསལ་རྫོང་ཁག་སྦེ་ ཆ་འཇོག་གྲུབ་ཡོདཔ་ལས་ གཞུང་གིས་ སྤྱི་ཚོགས་ཀྱི་ གྲོས་ཆོད་ལུ་ ངོས་ལེན་འབད་གནང་ཟེར་ཨིན་པས།
དེ་ཡང་ སྤྱི་ཟླ་༧ པའི་ཚེས་༡༧ ལུ་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་གྱིས་ ལྡོག་ཕྱོགས་འགོ་ཁྲིདཔ་དང་ བློན་ཆེན་ འབྲུག་ལྟ་བཤལ་ཚོགས་སྡེའི་ཁྲི་འཛིན་ དེ་ལས་ རྒྱལ་ཡོངས་ཚོགས་སྡེའི་ ཁྲི་འཛིན་ཚུ་ལུ་ ཡི་གུའི་འདྲ་རེ་བཏང་ནུག།
ལྡོག་ཕྱོགས་ཚོགས་པ་གིས་ ལྟ་བཤལ་གོང་འཕེལ་གཏང་ནི་གི་ དམིགས་བསལ་ལས་རིམ་དེ་ སྤྱི་ཚོགས་ལས་ ཆ་འཇོག་གྲུབ་ཡོད་རུང་ ཁྲིམས་འགལ་ཐོག་ གཞལམ་སྒང་ལས་ གསར་སྤང་ལུ་ སོར་བསྒྱུར་འབད་མི་ལུ་བརྟེན་ བར་ཞུགས་མཛད་དགོཔ་སྦེ་ སྤྱི་ཟླ་༧ པའི་ཚེས་༡༧ ལུ་ ཚོགས་དཔོན་ལུ་ ཡི་གུ་ཕུལ་ནུག།
ཚོགས་དཔོན་གྱི་ ཡི་གུ་ནང་ རྩིས་ལོ་༢༠༡༩-༢༠ ཅན་མ་དེ་ཡང་ སྤྱི་ཟླ་༦ པའི་ཚེས་༡༤ ལུ་ འཐུས་མི་ཡོངས་བསྡོམས་༤༣ ཡོད་མི་ ཆ་མཉམ་གྱིས་ རྒྱབ་སྐྱོར་ཧྲིལ་བུ་ཕུལ་ཏེ་ ཆ་འཇོག་གྲུབ་ཡོད་པའི་ཁར་ འབྲུག་རྒྱལ་པོ་མཆོག་གིས་ སྤྱི་ཟླ་༧ པའི་ཚེས་༣ ལུ་ བཀའ་གྲོལ་གནང་མི་དེ་ འཐུས་མི་ཡོངས་ཀྱིས་མཁྱེན་ཟེར་བཀོད་ནུག།
ཚོགས་དཔོན་གྱིས་ བཀོད་མིའི་ནང་ ལོ་ལྔའི་འཆར་གཞི་༡༢ པའི་ནང་ དམིགས་བསལ་ལས་རིམ་ཚུ་གི་གྲས་ལས་ རྩིས་ལོ་༢༠༡༩-༢༠ གི་ ལྟ་བཤལ་ཚོགས་སྡེའི་ནང་ ལྟ་བཤལ་གོང་འཕེལ་གྱི་དོན་ལུ་ འཆར་དངུལ་སྙན་ཞུའི་དོན་ཚན་༤.༥.༤.༡ ཅན་མའི་ནང་ གཞལམ་སྒང་དང་ མགར་ས་ ལྷུན་རྩེ་ དེ་ལས་ དར་དཀར་ནང་རྫོང་ཁག་༤ ལྟ་བཤལ་གོང་འཕེལ་གཏང་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༡༡ རེ་ བགོ་བཀྲམ་འབད་དེ་ཡོད་ཟེར་བཀོད་ནུག།
ཨིན་རུང་ དཔྱད་ཡིག་དེ་ ཆ་འཇོག་གྲུབ་པའི ཉིན་གྲངས་༡༠ གྱི་ཤུལ་ལས་ སྤྱི་ཟླ་༧ པའི་ཚེས་༡༤ ལུ་ ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་གྱིས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་ དྲུང་ཆེན་ལུ་ དམིགས་བསལ་ལས་རིམ་དེ་ གཞལམ་སྒང་ལས་ གསར་སྤང་ལུ་ སྤོ་སོར་འབདགོ་པའི་ ཡི་གུ་བཏང་ནུག།
འཆར་དངུལ་དཔྱ་བགོའི་དཔྱད་ཡིག་ རྩིས་ལོ་༢༠༡༩-༢༠ ཅན་མའི་ནང་ གཞུང་གིས་ ལྟ་བཤལ་གོང་འཕེལ་གཏང་ནི་གི་ སྲིད་བྱུས་ནང་ དངུལ་ཀྲམ་ས་ཡ་༢༠༠ དེ་ཅིག་ བཞག་སྟེ་ཡོདཔ་ཨིན་པས།
ཚོགས་དཔོན་གྱིས་ བཤད་མིའི་ནང་ དམིགས་བསལ་ལས་རིམ་དེ་ གཞལམ་སྒང་ལས་ གསར་སྤང་ལུ་ སོར་བསྒྱུར་འབད་མི་དེ་ལུ་ གཞུང་གིས་ ཁུངས་གསལ་དང་ གྲུབ་འབྲས་བཏོན་མི་དེ་ ལྡོག་ཕྱོགས་ཀྱིས་ ངོས་ལེན་འབད་བ་ཅིན་ སྟབས་མ་བདེཝ་མེད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གཞུང་གིས་ ཕྱག་ལཱ་མཛད་མི་ལུ་ ཁྲིམས་འགལ་ཨིན་ཟེར་ སླབ་མི་ཚུགས་ནི་ཨིནམ་ལས་ ཁྲིམས་འགལ་ཨིན་མེན་དེ་ མངོན་མཐོ་ཁྲིམས་འདུན་གྱིས་ དོན་འགྲེལ་གནང་དགོ་ཟེར་ཨིན་པས།
ཚོགས་དཔོན་གྱིས་ བཤད་མིའི་ནང་ གནད་དོན་དེ་གི་སྐོར་ལས་ ལེགས་ཤོམ་སྦེ་ར་ གསུང་གྲོས་གནང་དགོཔ་ འདུག་ཟེར་ཨིན་པས།
ཁ་ཙ་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ བརྡ་བརྒྱུད་ལུ་ གསུངས་མིའི་ནང་ གནད་དོན་དེ་ སེལ་ཐབས་ལུ་ ལྡོག་ཕྱོགས་དང་ གྲོས་བསྟུན་འབད་ནི་གི་ གྲ་སྒྲིག་ཡོདཔ་བཞིན་དུ་ ཚོགས་དཔོན་གྱི་ ཡི་གུ་ཐོབ་ཡོད་རུང་ ངོས་ལེན་མཛད་མི་མཛད་སྐོར་ གསུངས་མ་བཏུབ།
ལྡོག་ཕྱོགས་ཚོགས་པའི་མགྲིན་ཚབ་ འཐུས་མི་རྡོ་རྗེ་དབང་འདུས་ཀྱིས་ ཁ་ཙ་ དངོས་མཐོང་གི་ གྲོས་བསྡུར་ནང་ གཞུང་གིས་ དམིགས་བསལ་ལས་རིམ་དེ་ སོར་བསྒྱུར་འབད་མི་དེ་ ཁྲིམས་འགལ་ཨིན་མི་དེ་ཡང་ དཔྱད་ཡིག་དེ་ བཅའ་ཁྲིམས་ལུ་ གྱུར་མི་ལུ་བརྟེན་ཨིན་ཟེར་ བཤད་པའི་ཁར་ འཆར་དངུལ་དཔྱ་བགོ་དཔྱད་ཡིག་དང་ ལྷན་ཐབས་འཆར་དངུལ་གྱི་ བར་ན་ ཁྱད་པར་ཡོད་ཟེར་ བཤད་ཅི།
ཁོ་གིས་འབད་བ་ཅིན་ ལྡོག་ཕྱོགས་ཀྱིས་ གྲོས་ཆོད་སྐོར་ལས་ ཁྲིམས་འགལ་གྱི་ འོས་འབབ་དང་ འཆར་དངུལ་བྱ་རིམ་ནང་ ཕན་གནོད་སྐོར་ལས་ཞུ་རུང་ གཞུང་གི་ཧོངས་ལས་ དོན་ཆེད་སྦེ་ར་ ཐུགས་ཐག་བཅད་ཅི་ཟེར་ཨིན་པས།
ལྡོག་ཕྱོགས་ཀྱིས་འབད་བ་ཅིན་ འབྲུག་རྒྱལ་པོ་མཆོག་ལས་ བཀའ་གྲོལ་བའི་ཁར་ སྤྱི་ཚོགས་ཀྱིས་ ཆ་འཇོག་འབད་ཞིནམ་ལས་ གཞུང་གིས་ བསྒྱུར་བཅོས་དང་ འཕྲི་སྣོན་འབད་དགོཔ་མེད་ཟེར་ཨིན་པས།
ཚོགས་སྡེ་གིས་ བློན་ཆེན་ལུ་ ཡི་གུ་བཏང་མི་དང་འཁྲིལཝ་ད་ རྒྱལ་ཡོངས་འཆར་དངུལ་སྙན་ཞུ་ རྩིས་ལོ་༢༠༡༩-༢༠ ཅན་མ་དེ་ ལས་སྣ་ཚུ་ འགོ་འདྲེན་འཐབ་ནིའི་དོན་ལས་ ཁྲིམས་མཐུན་སྦེ་ ཆ་འཇོག་གྲུབ་ཡོདཔ་ལས་ གཞུང་གིས་ མ་དངུལ་བགོ་བཀྲམ་དང་འཁྲིལ་ཏེ་ ལས་རིམ་དང་ ལས་སྣ་ཚུ་ ལག་ལེན་འཐབ་དགོ་ཟེར་བཀོད་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *