སོ་ནམ་བློན་པོ་ ཡེ་ཤེས་རྡོ་རྗེ།

ཚོགས་དཔོན་གྱིས་ སོ་ནམ་བློན་པོ་ལུ་ བཀའ་བཀྱོན་གནང་ཡོདཔ།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་འཇིགས་མེད་བཟང་པོ་གིས་ སོ་ནམ་དང་ ནགས་ཚལ་བློན་པོ་ཡེ་ཤེས་རྡོ་རྗེ་ལུ་ ཚོགས་ཁང་གི་ སྒྲིག་ཁྲིམས་ལས་འགལ་བའི་ བྱ་སྤྱོད་འཐབ་མི་ལུ་བརྟེན་ བཀའ་བཀྱོན་གནང་ནུག།
དེ་ཡང་ འདས་པའི་རེས་གཟའ་སྤེན་པ་ལུ་ རྒྱལ་ཡོངས་ཚོགས་འདུའི་ དྲི་བཀོད་ལས་རིམ་སྐབས་ བློན་པོ་ཡེ་ཤེས་རྡོ་རྗེ་གིས་ བཀྲིས་གཡང་རྩེའི་ འབུམ་སྡེ་གླིང་-འཇམ་མཁར་གྱི་འཐུས་མི་ གྲུབ་ཐོབ་ལུ་ རྒྱ་གར་ཕ་ལ་ཀ་ཊའི་ འཐུས་མི་སྦེ་ གསལ་ཞུ་འབད་ནི་དེ་གིས་ཨིན་པས།
རྒྱལ་ཡོངས་ཚོགས་འདུ་ཆེན་མོའི་ཡིག་ཚང་ལས་ ཚོགས་དཔོན་གྱིས་ བཀའ་ཡིག་གནང་མིའི་ནང་ དེ་བཟུམ་ཞུ་མི་དེ་ ཀུན་སྤྱོད་རྣམ་གཞག་ལས་འགལ་བའི་ བྱ་སྤྱོད་ཅིག་ཨིནམལས་ འཐུས་མི་ཚུ་གིས་ ཚོགས་ཁང་ནང་ ལམ་ལུགས་ལུ་གནས་ནི་དེ་ སེམས་ཁར་ངེས་དགོཔ་ ཁག་ཆེ་ཟེར་བཀོད་ནུག།
བཀའ་བཀྱོན་གྱི་ བཀའ་རྒྱའི་ནང་ སོ་ནམ་བློན་པོ་གིས་ རྒྱ་གར་ནུབ་བེང་གཱལ་གྱི་ཁྲོམ་སྡེ་ ཕ་ལ་ཀ་ཊའི་ འཐུས་མི་ཟེར་ གསལ་ཞུ་འབད་མི་དེ་ རྒྱལ་ཡོངས་ཚོགས་འདུའི་ བཅའ་ཁྲིམས་ཀྱི་ རྩ་ཚན་༢༧༣ པ་དང་ རྒྱལ་ཡོངས་ཚོགས་འདུའི་ བྱ་བའི་གནད་སྤྱོད་དོན་ཚན་༤༣༢ པ་ལས་ འགལ་སོ་ནུག་ཟེར་ཨིན་པས།
དེ་འབདཝ་ལས་ རྒྱལ་ཡོངས་ཚོགས་འདུའི་ འཕྲི་སྣོན་བཅའ་ཁྲིམས་རྩ་ཚན་༣༧ པ་དང་ བྱ་བའི་གནད་སྤྱོད་ཀྱི་དོན་ཚན་༣༤ པའི་ཁ་དང་འཁྲིལ་ ཚོགས་ཁང་གི་ སྒྲིག་ལམ་བདག་འཛིན་འཐབ་ནིའི་ དབང་ཚད་དང་ བྱ་སྒོ་དེ་ ཚོགས་དཔོན་ལུ་ཡོདཔ་ལས་ ཚོགས་དཔོན་གྱིས་ ངོས་ལེན་གནངམ་ཨིན་ཟེར་ བཀའ་རྒྱའི་ནང་བཀོད་ནུག།
བྱ་སྤྱོད་ངན་པ་དེ་ལུ་ ཚོགས་དཔོན་གྱིས་ ངོས་ལེན་མཛད་པའི་འདྲ་ཅིག་ བློན་ཆེན་དང་ ལྡོག་ཕྱོགས་འགོ་ཁྲིདཔ་ འབུམ་སྡེ་གླིང་-འཇམ་མཁར་གྱི་ འཐུས་མི་གྲུབ་ཐོབ་ དེ་ལས་ རྒྱལ་ཡོངས་ཚོགས་འདུའི་ ཡོངས་ཁྱབ་དྲུང་ཆེན་ཚུ་ལུ་ གནང་ཡོདཔ་ཨིན་པས།
འཐུས་མི་གྲུབ་ཐོབ་ཀྱིས་འབད་བ་ཅིན་ དེ་བཟུམ་གྱི་ བྱ་སྤྱོད་དེ་ལུ་ ཚོགས་དཔོན་གྱིས་ གཞུང་འབྲེལ་ཐོག་ ངོས་ལེན་མཛད་མི་ལུ་ གུས་ཞབས་ཡོད་ཟེར་ཨིན་པས།
རྩོད་དོན་དེ་ཡང་ སྤྱི་ཟླ་༥ པའི་ཚེས་༡༩ ལུ་ རྒྱལ་ཡོངས་ཚོགས་འདུ་ནང་ འཐུས་མི་གྲུབ་ཐོབ་ཀྱིས་ ཕ་ལ་ཀ་ཊ་ལས་ ནང་འདྲེན་འབད་མི་ ཨེ་མ་དང་ ཚོད་བསྲེའི་རིགས་ཚུ་ ནམ་ཚུན་བཀག་དམ་འབད་དེ་ བཞག་ནི་ཨིན་ན་ཟེར་ དྲི་བ་ཞུ་བའི་ལན་ལུ་ སོ་ནམ་བློན་པོ་གིས་ ཕ་ལ་ཀ་ཊའི་འཐུས་མི་ ཚོགས་ཁང་ནང་ཡོདཔ་ ད་རེས་ལས་བརྒལ་མ་ཤེས་ཟེར་ ཞུ་ཡི།
སོ་ནམ་བློན་པོ་གིས་ ཕ་ལ་ཀ་ཊ་ལས་ ནང་འདྲེན་འབད་མི་ ཨེ་མ་དང་ ཚོད་བསྲེའི་རིགས་གཞན་ཚུ་ནང་ ཚད་གཞི་ལས་བརྒལ་བའི་ རྫས་སྦྱོར་ཡོད་མི་ལུ་བརྟེན་ བཀག་དམ་འབད་ཡོདཔ་མ་ཚད་ བཀག་དམ་འབད་བའི་ཤུལ་ལས་ ཨེ་མ་བཟའ་མི་ མེད་མི་ལུ་བརྟེན་ འབྲུག་མི་ཕུད་རྡོག་གཅིག་ཡང་ ཤི་བའི་གནས་ཚུལ་མ་དགོ་ཟེར་ཞུ་ཡི།
འཐུས་མི་གྲུབ་ཐོབ་ཀྱིས་འབད་བ་ཅིན་ བཀག་དམ་འབད་མི་དེ་གིས་ ནང་འཁོད་ཀྱི་ ཨེ་མ་འཛུགས་སྐྱོང་འབད་མི་དང་ བཟའ་སྤྱོད་འབད་མི་ཚུ་ལུ་ཡང་ བྱ་སྟབས་མ་བདེཝ་བཟོ་ཡོདཔ་མ་ཚད་ ནང་འཁོད་ལས་ལངམ་སྦེ་ ནམ་ཐོན་སྐྱེད་འབད་ཚུགས་ནི་ཨིན་ན་ཟེར་ དྲི་བཀོད་འབད་ཡོད་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *