ཚེས་བཟང་དུས་བཟང་གི་ཉིན་ དགེ་སྡིག་འཕེལ་འགྱུར་ཆེ་བའི་ཁུངས།

༉ འདས་པའི་ཀུན་གསལ་ཐོན་རིམ་ཅིག་ནང་(༢༢.༠༥.༢༠༡༨) ཚེས་བཟང་དུས་བཟང་དང་ དུས་མཆོད་ཀྱི་ དུས་ཆེན་ཚུ་ནང་ དགེ་སྡིག་གི་ལཱ་ ག་ཅི་འབད་རུང་ དགེ་སྡིག་གི་འཕེལ་ཤུགས་ བརྒྱ་འགྱུར་དང་སྟོང་འགྱུར་ ཡོད་པའི་སྐོར་ལས་ཞུ་ཡི། དུས་བཟང་གི་སྐབས་ དེ་སྦེ་དགེ་སྡིག་གི་འཕེལ་འགྱུར་ སྦོམ་ཡོད་དགོ་པའི་ཁུངས་དང་ དགོས་པ་ཚུ་ ཧ་གོ་ཞིནམ་ལས་ དད་པ་དང་ཡིད་ཆེས་ཀྱི་སྒོ་ལས་ དགེ་སྡིག་སྤང་བླང་ལུ་འཇུག་པ་ཅིན་ ཕན་པའི་ཡོན་ཏན་ཡང་ སྦོམ་འབྱུང་ནི་ཨིནམ་ལས་ དུམ་གྲ་ཅིག་ ཞུ་བ་ཅིན།

དང་པོ་སྤྱིར་བཏང་དུས་བཟང་ ཐུན་མོང་གི་དབང་དུ་བཏང་པ་ཅིན་ ཟླཝ་བྱུང་ངོ་ཅིག་ནང་ དུས་བཟང་གསུམ་དང་ དུས་བཟང་དྲུག་ ཡང་ན་ དུས་བཟང་བཅུ་ཐམ་སྦེ་ཡང་ བརྩི་སྲོལ་འདུག། དུས་བཟང་གསུམ་གྱི་ དབང་དུ་བཏང་པ་ཅིན་ ཟླཝ་གཅིག་ནང་ ཡར་ངོའི་ཚེས་བརྒྱད་དང་ ཚེས་བཅོ་ལྔ་ དེ་ལས་ གནམ་གང་/གནམ་སྟོང་དང་(ཚེས་༣༠) གསུམ་ཨིན་པས། དུས་བཟང་དེ་གསུམ་གྱི་ཉིན་ དགེ་སྡིག་གི་ལཱ་ ག་ཅི་འབད་རུང་ དགེ་སྡིག་གི་འཕེལ་ཤུགས་ བརྒྱ་འགྱུར་དུ་ཡོདཔ་སྦེ་གསུངས་ནུག།

དེ་ཡང་ ཚེས་བརྒྱད་ཀྱི་ཉིནམ་ལུ་ དགེ་སྡིག་གི་འཕེལ་ཤུགས་ ཆེ་དགོ་པའི་ཁུངས་ཡང་ ཕྱི་དྲང་དོན་གྱི་དབང་དུ་བཏང་པ་ཅིན། ཚེས་བརྒྱད་ཀྱི་ཉིན་ ལྷ་རྒྱལ་བུ་ཐེའུ་ཟེར་མི་ འཇིག་རྟེན་གྱི་ཁམས་སུ་ བཤལ་སྐོར་ལུ་འོང་བའི་ དུས་ཚོད་འབད་ནི་དེ་གིས་ དེ་གི་ཉིན་མར་ དགེ་བ་དང་སྡིག་པའི་ལཱ་ ག་ཅི་འབད་རུང་ འཕེལ་འགྱུར་ཆེཝ་མ་ཚད་ ཁྱད་པར་དུ་ སངས་རྒྱས་སྨན་གྱི་བླ་མ་ལུ་ ཕྱག་འཚལ་ཞིང་ མཚན་ནས་བརྗོད་དེ་ ཁ་ཟས་གཅིག་ བསྲུང་ཚུགས་རུང་ བསྐལ་པ་བཅུའི་སྡིག་པ་དག་ཅིང་ མནར་མེད་པའི་དམྱལ་བ་ལས་ ཐར་བར་འགྱུར་རོ་ཟེར་གསུངས་ནུག།

ཚེས་བཅོ་ལྔའི་ཉིན་ གཤིན་རྗེའི་འཁོར་ སྐྱེ་གནས་ཀྱི་ལམ་རྒྱུད་ལྔ་ལུ་ དབང་མི་དེད་དཔོན་ འཇིག་རྟེན་གྱི་ཁམས་ལུ་ བཤལ་སྐོར་དུ་འོང་བའི་ ཉིནམ་འབདཝ་ལས་ དེ་གི་ཉིན་མར་ སངས་རྒྱས་སྣང་བ་མཐའ་ཡས་ལུ་ ཕྱག་འཚལ་ཞིང་ མཚན་ནས་བརྗོད་དེ་ གསོལཝ་བཏབ་ ཟས་གཅིག་བསྲུང་ཚུགས་པ་ཅིན་ བསྐལ་པ་ཉིས་བརྒྱའི་སྡིག་པ་འབྱང་ཞིང་ ཤིན་ཏུ་གྲང་ཞིང་ཆབ་རོམ་གྱི་དམྱལ་བ་ལས་ ཐར་རོ་ཟེར་གསུངས་ནུག།

དེ་བཟུམ་སྦེ་ གནམ་གང་/གནམ་སྟོང་གི་ཉིན་ ལྷ་ཚངས་པ་ཉིད་ འཇིག་རྟེན་གྱི་ཁམས་ལུ་ བཤལ་སྐོར་དུ་འོང་པའི་ཉིནམ་འབདཝ་ལས་ སངས་རྒྱས་ཤཱཀྱ་ཐུབ་པ་ལུ་ ཕྱག་འཚལ་ཞིང་ མཚན་ནས་བརྗོད་དེ་གསོལཝ་བཏབ་སྟེ་ ཟས་གཅིག་བསྲུང་ཚུགས་པ་ཅིན་ བསྐལ་པ་སྟོང་གི་སྡིག་པ་འབྱང་ཞིང་ མེ་མ་མུར་གྱི་ དམྱལ་བ་ལས་ ཐར་བར་འགྱུར་རོ་ཞེས་གསུངས་ནུག།

ནང་གསང་སྔགས་ངེས་དོན་གྱི་དབང་དུ་བཏང་པ་ཅིན་ ང་བཅས་རའི་གཟུགས་ཁར་གནས་པའི་ རྩ་རླུང་ཐིག་ལི་གསུམ་གྱི་འཕྲོ་འདུ་ ཡང་ན་ འཕེལ་འགྱུར་གྱི་རྟེན་འབྲེལ་ལས་ དུས་བཟང་གསུམ་དང་དྲུག་དང་བཅུ་ཐམ་སོགས་འབྱུང་ནུག། དེ་ཡང་ གནས་པ་རྩ་དང་རྒྱུ་བ་རླུང་ ཁྱབ་པ་ཐིག་ལི་ཟེར་ རྒྱུ་བ་རླུང་ལུ་བརྟེན་པའི་ ཐིག་ལི་བྱང་ཆུབ་སེམས་ཀྱི་ཁམས་དྭངས་མ་དེ་ ཉ་སྟོང་བརྒྱད་གསུམ་ཟེར་ ཉ་བ་ཚེས་བཅོ་ལྔ་ལུ་ ཁམས་དྭངས་མ་དེ་ རང་གི་སྤྱི་བོ་བདེ་ཆེན་འཁོར་ལོ་ནང་ འཕེལ་དོ་ཡོདཔ་ད་ སྟོང་པ་ཟེར་གནམ་གང་ལུ་ གསང་གནས་བདེ་སྐྱོང་གི་འཁོར་ལོ་ དེ་ལས་ ཚེས་བརྒྱད་ལུ་ སྙིང་ཁར་ཆོས་ཀྱི་འཁོར་ལོ་ནང་ འཕེལ་དོ་ཡོདཔ་བཞིན་དུ་ དུས་ཚོད་དེ་ཚུ་གི་སྐབས་ལུ་ རྣལ་འབྱོར་པས་མཉམ་པར་བཞག་པ་ཅིན་ ཉམས་རྟོགས་ཁྱད་པར་ཅན་སྐྱེ་ཚུགས་ནི་དེ་གིས་ ཕྱི་འདུས་བྱས་ཀྱི་དགེ་བ་ འཕེལ་འགྱུར་ཆེ་བའི་རྒྱུ་མཚན་དེ་སྦེ་ཨིན་ཟེར་གསུངས་ནུག།

དེ་སྦེ་ ཐུན་མོང་གི་དུས་བཟང་གསུམ་ལུ་ དགེ་སྡིག་གི་འཕེལ་འགྱུར་སྦོམ་ཡོད་ནི་དེ་གིས་ གཞུང་གིས་ཡང་ སོ་ནམ་པ་ཚུ་ཡང་ སོ་ནམ་ཞིང་ལཱ་ ག་ནི་ཡང་འབད་མ་ཆོགཔ་སྦེ་ ལྷ་ཁང་དགོན་སྡེ་ཚུ་ནང་ ཕྱག་མཆོད་སྦྱིན་གཏོང་དང་ སྐོར་ར་ དཀར་མེ་རེ་ཕུལ་ནིའི་ གོ་སྐབས་གནང་སྟེ་ ཡོདཔ་མ་ཚད། ཁྲོམ་ཁ་ལས་ཕར་ ཤ་ཁང་ཚུ་ཡང་ སྒོ་བསྡམས་བཅུག་སྟེ་ སེམས་ཅན་གསོད་གཅོད་ཀྱི་ལས་ཚུ་ དམ་དམ་སྦེ་ བཀག་ཆ་འབད་དེ་ཡོདཔ་ལས་ ག་ར་གིས་ དེ་བཞིན་ཉམས་སུ་བླང་ཚུགས་པ་ཅིན་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ དམིགས་ཡུལ་འགྲུབ་ནིའི་ཐབས་ལམ་ གཞན་འཚོལ་སྒྲུབ་ལུ་ བརྩོན་དགོཔ་མིན་འདུག་ཟེར་ཞུ་ནི།

           ཀརྨ་བསྟན་འཛིན།

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *