ཁ་ཙ་ ལ་ཡ་རི་གྲུ་བཞིའི་ས་གནས་ ཚ་རི་རྒྱ་ཐང་ལས་ ཐད་འཕུར་གནམ་གྲུ་གིས་ ཚེ་འདས་ཀྱི་ཕུངམ་ཚུ་ འབག་འོང་ནིའི་དོན་ལུ་ གྲ་སྒྲིག་འབད་བའི་བསྒང་།

ཚེ་འདས་༡༠ གྱི་མེ་སྦྱང་ མགར་ས་རྫོང་ཁག་གིས་འབད་ནི།

༉ མགར་ས་རྫོང་ཁག་ ལ་ཡ་རི་གྲུ་བཞི་ལུ་ ས་རུད་ཀྱི་ རྐྱེན་ངན་ནང་ ཤི་རྐྱེན་བྱུང་མི་༡༠ གྱི་ཕུངམ་ཚུ་ ཐད་འཕུར་གནམ་གྲུ་གིས་ ཁ་ཙ་ ཉིན་དགུང་དེ་ཅིག་ཁར་ མགར་ས་ལུ་ འབག་འོང་ནུག།

ཚེ་འདས་༡༠ གྱི་མེ་སྦྱང་ཚུ་ཡང་ མགར་ས་རྫོང་ཁག་བདག་སྐྱོང་གིས་ སྤྱི་ཟླ་༦ པའི་ཚེས་༢༠ ལུ་ འབད་ནི་ཨིནམ་ད་ ཚེ་འདས་ཀྱི་ བཟའ་ཚང་ནང་མི་ཚུ་ཡང་ མགར་ས་ལུ་ ལྷོད་ཡོདཔ་མ་ཚད་ དབྱར་རྩྭ་དགུན་འབུབ་འཐུ་བར་སོང་མི་ཚུ་ཡང་ མེ་སྦྱང་གི་དོན་ལུ་ ལོག་འོང་པའི་བསྒང་ཡོདཔ་ཨིན་པས།

ཐིམ་ཕུག་ལས་སོང་མི་ སྲོག་སྐྱབས་སྡེ་ཚན་དེ་ སྤྱི་ཟླ་༦ པའི་ཚེས་༡༦ གི་ཕྱི་རུའི་ཆུ་ཚོད་༦.༣༠ ལུ་ ས་ཁོངས་ནང་ལྷོད་དེ་ ཕུངམ་༡༠ ས་དང་རྡོ་ དེ་ལས་ རག་རོ་ཚུ་གི་འོག་ལས་ བཏོན་ཡོདཔ་ད་ སྤྱི་ཟླ་༦ པའི་ཚེས་༡༦ ལུ་ ལ་ཡ་ལས་ མི་༡༩ འབད་མི་ སྡེ་ཚན་༡ སོང་མི་དེ་ ཁ་ཙ་ དྲོ་པར་ལྷོད་དེ་ ཕུངམ་བསྡམ་ནི་ལ་སོགས་པ་ གློ་བུར་གྱི་ རྒྱབ་སྐྱོར་ཚུ་འབད་ཡོདཔ་ཨིན་པས།

ལ་ཡ་རྒཔོ་ ལྷག་པ་ཚེ་རིང་གིས་ སླབ་མིའི་ནང་ ཚེ་འདས་ཀྱི་ ནང་མི་ཚུ་ མགར་ས་ལུ་ འོང་ནིའི་དོན་ལས་ རྒེད་འོག་འགོ་དཔོན་ཚུ་གིས་ སྐྱེལ་འདྲེན་ཞབས་ཏོག་མཁོ་སྤྲོད་འབད་ནི་ལུ་ ཆ་རོགས་འབད་དོ་ཟེར་ཨིན་པས།

མགར་ས་རྫོང་རབ་ རྡོ་རྗེ་རྒྱལ་མཚན་གྱིས་ སླབ་མིའི་ནང་ ཤི་རྐྱེན་བྱུང་མི་ཚུ་གི་གྲས་ལས་ གཞོན་ཤོས་ར་ སྐྱེས་ལོ་༡༨ ལང་མི་ ཨམ་སྲུ་དང་ རྒན་ཤོས་ར་ སྐྱེས་ལོ་༥༠ ལང་མི་ ཨམ་སྲུ་ཅིག་ཨིནམ་བཞིན་དུ་ བཟའ་ཚང་༡ ནང་ རྨགཔ་དང་གནས་ཚང་ དེ་གི་ གནས་ཚང་གི་ཨའི་འབདཝ་ད་ མི་༣ གྱོངས་སོ་ནུག་ཟེར་ཨིན་པས།

རྐྱེན་ངན་དེ་ སྤྱི་ཟླ་༦ པའི་ཚེས་༡༦ གི་དྲོ་པ་ཆུ་ཚོད་༡ དེ་ཅིག་ཁར་ བྱུང་ཡོདཔ་ད་ ཁོང་ཆ་ཁྱབ་ སྤྱི་ཟླ་༥ པའི་ཚེས་༡༧ ལས་ ས་ཁོངས་དེ་ནང་ དབྱར་རྩྭ་དགུན་འབུབ་བསྡུ་བསྒྱོམ་འབད་དེ་ སྡོད་ཡོདཔ་ཨིན་པས།

ཚེ་འདས་ཚུ་གི་གྲས་ལས་༧ ཨམ་སྲུ་དང་༣ ཕོ་སྐྱེས་ཨིནམ་ད་ ས་ཁོངས་དེ་ནང་ གུར་༡༨ དེ་ཅིག་ སྤུབས་ཡོད་མི་ལས་༡༢ ས་རུད་ཀྱི་འོག་ལུ་ ཚུད་ཡོད་པའི་གནས་ཚུལ།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *