ཚེ་དཔག་མེད་དབང་སྐབས་ ཨམ་སྲུ་༡ ལུ་ཤི་རྐྱེན།

༉ འདས་པའི་རེས་གཟའ་ཟླ་བ་ལུ་ ལྷུན་རྩེ་རྫོང་ནང་ བྱིན་ཅན་གྱི་ ཚེ་དཔག་མེད་དབང་ཞུ་བར་འོང་མི་ ཨམ་སྲུ་༡ སྣུམ་འཁོར་ཐུག་རྐྱེན་ནང་ ཤི་རྐྱེན་བྱུང་ནུག།
རྐྱེན་ངན་དེ་ཡང་ དེ་ཚེ་ཕྱི་རུའི་ཆུ་ཚོད་༤ མ་ལངམ་ཅིག་ཁར་ ཉམས་རྒུདཔ་དེ་ དབང་ཞུ་བའི་ཤུལ་ལུ་ ལོག་གཡུས་ཁར་ ལྷུན་རྩེ་ཁྲོམ་ལམ་མདའ་སྟེ་ རྐང་སྟོང་སྦེ་ འགྱོ་བའི་བར་ན་ ཁྲོམ་ལམ་གྱི་ སྒོར་ལྟབ་མཇུག་བརྒལ་ཏེ་ མི་ཊར་༡༠༠ དེ་ཅིག་གི་ ས་ཁར་ལྷོདཔ་ད་ སྣུམ་འཁོར་ཨའི་ཊུ་ཝེན་ཊི་ཅིག་གིས་ འཐུ་བཀོག་ཡོདཔ་ཨིན་པས།
རྒྱ་རེད་རྒེད་འོག་ ལ་གྲོང་ལས་ སྐྱེས་ལོ་༧༩ ལང་མི་ ཉམས་རྒུདཔ་དེ་ གནས་སྟངས་ཚབས་ཆེན་ཡོདཔ་ལས་ ལྷུན་རྩེ་སྨན་ཁང་ནང་ བཞག་པའི་ཤུལ་ལུ་ མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ནང་ བསྐྱལ་ཡོདཔ་ད་ དེ་ཚེ་ ནུབ་མོའི་ཆུ་ཚོད་ཕྱེད་དང་༡༢ དེ་ཅིག་ལུ་ གྱོངས་སོ་ནུག།
ཉམས་རྒུདཔ་དེ་གི་ ཕྱག་ལྟག་གི་རུ་ཏོ་དང་ རྩིབས་སྒྲོ་དག་པ་ཅིག་ བཅགས་ཡོདཔ་ཨིན་པས།
སྐྱེས་ལོ་༣༧ ལང་མི་ དེད་གཡོགཔ་དེ་ སྟག་མོ་ཆུ་སློབ་གྲྭ་ལྟེ་བའི་ སློབ་དཔོན་ཨིན་རུང་ ལྷུན་རྩེ་ཁྲིམས་སྲུང་འགག་པ་གིས་ དོ་དམ་འོག་ལུ་ མ་བཞག་པར་ བར་ན་རྒྱབ་མི་བཙུགས་ཐོག་ལས་ གློད་གྲོལ་བཏང་ཡོདཔ་ཨིན་པས།
དོགས་ཅན་དེ་གིས་ རེས་གཟའ་མིག་དམར་ལུ་ ཚེ་འདས་ཀྱི་ཕུངམ་ མེ་སྦྱང་ འབད་ནི་ལུ་ ཆ་རོགས་འབད་ཡོདཔ་མ་ཚད་ དགེ་རྩ་ཚུ་ཡང་ འབད་ནི་སྦེ་ ཁ་བཟེད་ནུག།
རྐྱེན་ངན་དེ་ སྣུམ་འཁོར་འགྱེལ་ཏ་རྐྱབ་མི་ལུ་བརྟེན་བྱུང་པའི་ དོགས་པ་ཡོདཔ་ད་ ཐུག་རྐྱེན་སྐབས་ དང་པ་ར་ ལམ་གཡོན་ཁ་ཐུག་ལས་འགྱོ་མི་ ཉམས་རྒུདཔ་དེ་ལུ་ཤུགས་སྦེ་ བརྡུངས་པའི་ཤུལ་ལས་ བསྒྱིར་འཕྲུལ་བཏོགས་པའི་སྐབས་ ལམ་གཡས་ཁ་ཐུག་ལས་འགྱོ་མི་ རྐང་འགྲུལཔ་གཞན་༣ ལུ་ བརྡུངས་ཡོད་རུང་ རྨ་སྐྱོན་སྦོམ་མ་བྱུངམ་ཨིན་པའི་གནས་ཚུལ།ཚེ་རིང་རྣམ་རྒྱལ། ལྷུན་རྩེ།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *