ཚེ་ཐར་བཏང་མི་ གཡག་ཚུ།

ཚེ་ཐར་ཚོགས་པ་ལུ་ མ་དངུལ་དང་ སེམས་ཅན་བཞག་ ས་མེད་པའི་ གདོང་ལེན།

༉ ལོ་བསྟར་བཞིན་དུ་ དུས་ཚོད་འ་ནེམ་ཅིག་ཁར་ ཐིམ་ཕུག་ལྕམ་སྒང་དང་ དར་དཀར་ལ་རྒེད་འོག་ཡིག་ཚང་གི་ ཉེ་འདབས་ནགས་ཚལ་ནང་ སེམས་ཅན་ཚེ་ཐར་བཏང་མི་དང་ གཡག་གི་ཇོ་བདག་ཚུ་གི་བར་ན་ གཡག་གི་གོང་ཚད་ སྒྲིག་མ་ཚུགས་པར་ སྐད་རྐྱབ་སྡོད་སར་མཐོངམ་ཨིན་པས།
གཡག་གི་དུར་ཁྲོད་ཟེར་ གཡག་བསད་སའི་ས་ཁོངས་དེ་ནང་ ཤིང་རེའི་རྩ་བར་ གཡག་རེ་བཏགས་ཏེ་ བཞག་མིའི་གྲས་ལས་ གཡག་ལ་ལོ་ཅིག་ མིག་ཏོ་ནང་ལས་ མིག་ཆུ་འཛགས་སྡོདཔ་ཨིན་པས།
དེ་སྦེ་མཐོང་བའི་སྐབས་ལུ་ གཡག་ཚུ་ སེམས་ཅན་འབད་རུང་ ཁོང་ར་ བསད་ནི་ཨིནམ་ ཤེས་ཤེསཔ་བཟུམ་མའི་ མཐོང་གསལ་བྱུང་དོ་ཡོདཔ་མ་ཚད་ སེམས་ཅན་ཚེ་ཐར་བཏང་མི་ཚུ་གིས་འབད་བ་ཅིན་ བསད་ནི་ཨིནམ་ཤེས་ནི་དེ་གིས་ དེ་བཟུམ་མའི་ བརྡ་མཚོན་སྟོནམ་མས་ཟེར་ཨིན་པས།
དེ་བཟུམ་སྦེ་ མི་ཚུ་ གཡག་གི་སྦོ་ལོགས་ཁ་ལས་ཕར་ འུར་བྱེལ་འཐབ་སྟེ་ འོང་པའི་སྐབས་ ཁོང་ཙིགཔ་ཟ་བའི་ སྐད་ཚུ་ཡང་ རྐྱབ་སར་གོ་ནི་འདུག།
སྤྱི་ཟླ་༩ པའི་ཚེས་༢༢ ལུ་ ཐིམ་ཕུག་ལུ་ཡོད་མི་ སེམས་ཅན་ཚེ་ཐར་ཚོགས་པ་གིས་ གཡག་༧ ཐིམ་ཕུག་ལྕམ་སྒང་ གཡག་གི་དུར་ཁྲོད་ལས་ སྲོག་སྐྱབས་འབད་དེ་ ཚེ་ཐར་བཏང་ནུག།
མ་གཞི་ ཧེ་མ་དང་ཕྱདཔ་ད་ དར་དཀར་ལའི་ གཡག་བསད་ནི་གི་ གནས་སྟངས་དེ་ བསྒྱུར་བཅོས་སྦོམ་སྦེ་ར་ སོང་སྟེ་འདུག།
ཧེ་མ་འབད་བ་ཅིན་ དར་དཀར་ལའི་ གཡག་གི་ཇོ་བདག་ཚུ་གིས་ ལོ་རེ་ནང་ ཁོང་རའི་ འཚོ་བའི་གནས་སྟངས་ཀྱི་དོན་ལུ་ གཡག་༧ དང་༨ ཀྱི་བར་ན་ བསད་དོ་ཡོདཔ་མ་ཚད་ གཡག་ཚུ་ཡང་ གཡག་གི་དུར་ཁྲོད་ནང་ བདའ་འོང་ཞིནམ་ལས་བསད་དེ་ ཐིམ་ཕུག་གི་ ཤ་ཁང་ཚུ་ནང་ བཀྲམ་སྤེལ་འབད་དོ་ཡོདཔ་ཨིན་པས།
ཨིན་རུང་ ད་རེས་ནངས་པར་ སེམས་ཅན་ཚེ་ཐར་བཏང་མིའི་གྱངས་ཁ་ ཡར་སེང་སོང་མི་དང་འཁྲིལ་ཏེ་ གཡག་གི་ཇོ་བདག་ཚུ་གིས་ གཡག་མ་བསད་པའི་ཧེ་མར་ ཚེ་ཐར་ཚོགས་པ་ཚུ་ལུ་ ཁོང་སྲོག་སྐྱབས་འབད་ནི་གི་ དང་འདོད་ཡོད་མེད་ དྲི་ཞིནམ་ལས་ འབད་དོ་ཡོདཔ་ཨིན་པས།
དེ་མ་ཚད་ སེམས་ཅན་ཚེ་ཐར་ཚོགས་པ་གིས་ དར་དཀར་ལ་རྒེད་འོག་བདག་སྐྱོང་དང་གཅིག་ཁར་ ཞལ་འཛོམས་ཚོགས་ཞིནམ་ལས་ རྒཔོ་གིས་ མི་སེར་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་དེ་ དུས་ཅི་ལས་ ཁྱིམ་གུང་པ་རེ་ལས་ གཡག་༥ མ་གཏོགས་ བསད་ནི་མེད་པའི་ གྲོས་ཐག་བཅད་དེ་ཡོདཔ་ཨིན་པས།
མ་གཞི་ ལམ་ལུགས་དེ་ ཧེ་མ་ལས་བཟོ་ནི་སྦེ་ བཞག་ཡོདཔ་ཨིན་རུང་ མི་སེར་ཚུ་ལས་ ངོས་ལེན་མེད་མི་ལུ་བརྟེན་ གྲོས་ཐག་བཅད་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
སེམས་ཅན་ཚེ་ཐར་ཚོགས་པའི་འཐུས་མི་ ཉི་མ་སྒྲོལམ་གིས་ བཤད་མི་དང་འཁྲིལཝ་ད་ དེ་སྦེ་རྒེད་འོག་ལུ་ གསོལ་འདེབས་ཞུ་དགོ་མི་དེ་ཡང་ ལོ་བསྟར་བཞིན་དུ་ ཁྱིམ་གུང་རེ་གིས་ གཡག་༨ དང་༩ སྦེ་ བསད་ནི་གི་དོན་ལུ་ བདའ་འོང་པའི་སྐབས་ ཁོང་ར་ སེམས་ཀྱིས་བཟོད་མ་ཚུགས་པར་ ཚེ་ཐར་གཏང་ནི་ཟེར་རུང་ ཏི་རུ་གིས་ ལང་མ་ཚུགས་པར་ སེམས་ཅན་ལ་ལོ་ཅིག་ ཁོང་གི་གདོང་ཁར་ ཤི་སར་མཐོངམ་ད་ ཧིང་ལས་ར་ སྐྱོ་སྣང་ལངམ་མས་ཟེར་ཨིན་པས།
དེ་འབདཝ་ལས་ རྒེད་འོག་དང་ མ་སེར་གཉིས་ཆ་ར་གིས་ དེ་སྦེ་ངོས་ལེན་འབད་མི་དེ་ལུ་ སེམས་ཅན་ཚེ་ཐར་ཚོགས་པའི་ཁ་ཐུག་ལས་ཡང་ ངལ་རངས་ཚུ་ བསྐྱེད་དེ་ར་ ཡོད་ཟེར་ཨིན་པས།
དར་དཀར་ལ་ལུ་ ཁྱིམ་གུང་པ་༤༢ ཡོདཔ་ལས་ གུང་པ་རེ་གིས་ ལོ་རེ་ནང་ གཡག་༥ རེ་ བསད་ནི་སྦེ་བདའ་འོང་རུང་ ཚེ་ཐར་བཏང་མི་ཚུ་གིས་ གཡག་༢༡༠ དེ་ཅིག་ སྲོག་སྐྱབས་འབད་དགོ་ནི་ཨིན་པས།
སེམས་ཅན་ཚེ་ཐར་ཚོགས་པའི་འཐུས་མི་ཚུ་ ས་གནས་ནང་སོང་ཞིནམ་ལས་ སེམས་ཅན་བསད་པ་ཅིན་ སྡིག་པ་དང་ ཉེས་དམིགས་ཚུ་ གཡག་གི་ཇོ་བདག་ཚུ་ལུ་ བཤད་བྱིན་སར་མཐོང་རུང་ ཇོ་བདག་ཚུ་ཡང་ འཚོ་བ་གཡག་ལུ་བརྟེན་སྡོད་མི་འབདཝ་ལས་ ཁོང་གིས་ཡང་ འབད་ཐབས་གཞན་ག་ཅི་ཡང་ མེད་པའི་སྐོར་ལས་ སླབ་ཨིན་པས།
གཡག་གི་ཇོ་བདག་ཅིག་ཨིན་མི་ དར་དཀར་ལ་ལས་ དར་མགོ་ཚེ་རིང་གིས་ འབད་བ་ཅིན་ ས་གནས་ནང་གི་ མི་སེར་མང་ཤོས་ཅིག་ འཚོ་བ་ལ་ནོར་ལུ་ བརྟེན་སྡོད་མི་འབདཝ་ལས་ ཁོང་ཡང་ སྐྱིན་འགྲུལ་བཏབ་ནི་དང་ ཨ་ལོ་གསོ་ནི་ དེ་ལས་ རང་གི་ འཚོ་བ་གི་དོན་ལུ་ གཡག་མ་བསད་པར་ བྱ་ཐབས་གཞན་མེད་ཟེར་ཨིན་པས།
དར་མགོ་ཚེ་རིང་ལུ་ གཡག་༩༠ ལྷགཔ་ཅིག་ཡོདཔ་ད་ ཁོ་གིས་ འཕྲལ་འཕྲལ་ལོ་རེ་ནང་ ཏི་རུ་མ་ལང་པའི་སྐབས་ གཡག་༥ དེ་རེ་ བསད་ནིའི་དོན་ལུ་ བདའ་འོང་དོ་ཡོདཔ་ཨིན་རུང་ འཕྲལ་འཕྲལ་༡ ཡང་ བསད་དགོཔ་མི་ཐོནམ་མས་ཟེར་ཨིན་པས།
མ་གཞི་ ཁོང་ཡང་ སེམས་ཅན་སྲོག་བཅད་འབད་དགོ་མནོ་སྟེ་མེན་པར་ འཚོ་བའི་དོན་ལུ་ འབད་དགོཔ་མ་ཚད་ གཡག་ཚུ་ མ་བསད་པར་ དེ་སྦེ་ར་བཞག་པ་ཅིན་ ལ་ཁར་ཟ་ནི་ཚད་ཅིག་ལས་མེད་ནི་དེ་གིས་ སེམས་ཅན་ ཡར་སེང་འགྱོ་དོ་ཡོདཔ་ལས་ རྩྭ་མ་ལང་པའི་ དཀའ་ངལ་ཚུ་ཡང་ ཐོན་དོ་ཡོདཔ་ལས་ སྔར་སྲོལ་ལྟར་དུ་ར་ བསད་དགོཔ་བྱུངམ་མས་ཟེར་ཨིན་པས།
ཨིན་རུང་ རྒཔོ་དང་ ཚེ་ཐར་ཚོགས་པ་ཚུ་གི་ཁ་ཐུག་ལས་ ལོ་རེ་ནང་ གཡག་༥ ཟེར་མི་དེ་ལུ་ ཁོང་གིས་ངོས་ལེན་འབད་དེ་ དེ་དང་འཁྲིལ་ཏེ་འབད་དགོ་ཟེར་ཨིན་པས།
མ་གཞི་ གཡག་གི་གོང་ཚད་དེ་ ཤ་སྦེ་བཙོང་ཚུགས་པ་ཅིན་ ཁོང་ལུ་ ཁེ་ཕན་ཡོདཔ་ཨིན་རུང་ དང་པ་ཚེ་ཐར་ལུ་ འགྲུལ་འཕྲིན་བཏང་སྟེ་སྙན་ཞུ་འབད་མི་དེ་ཡང་ ཁོང་རའི་སེམས་ཅན་ཚུ་ སྲོག་བཅད་མ་དགོ་པར་ སྲོག་སྐྱབས་འབད་ཚུགསཔ་ཅིག་ཡོད་པ་ཅིན་ ཁོང་ར་ཡང་ སེམས་དགའ་བས་ཟེར་ཨིན་པས།
ཉི་མ་སྒྲོལམ་གིས་ བཤད་མིའི་ནང་ མ་གཞི་ སེམས་ཅན་ཚེ་ཐར་གཏང་ནི་ཨིན་པ་ཅིན་ ཇོ་བདག་དེ་གིས་ སླབ་མི་གོང་ཚད་དེ་ར་ བྱིན་ཚུགས་པ་ཅིན་ ཕན་ཡོན་ཡོད་རུང་ ལོ་ཨ་རྟག་ར་ ཚེ་ཐར་གཏང་དགོཔ་དང་ ཚོགས་པ་ལུ་ ཏི་རུ་གིས་ ལང་མ་ཚུགསཔ་འབདཝ་ད་ གོང་ཚད་ཕབ་གནང་ཟེར་ མ་སླབ་པར་ཐབས་མེད་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ ཚེ་ཐར་དེ་ཡང་ ཚོང་འབྲེལ་བཟུམ་ཅིག་ལུ་གྱུར་ཏེ་ མི་ལ་ལོ་ཅིག་གིས་ ལ་ཁ་ལས་ ནོར་ཉོ་འབག་འོང་སྟེ་ ཚེ་ཐར་ཚོགས་པ་ལུ་ བཙོང་སྲོལ་ཡོད་རུང་ ད་ལྟོ་ དེ་བཟུམ་འབད་མི་མེདཔ་མ་ཚད་ གཡག་ཆུང་ཀུ་ ལོ་༥ མན་ཆད་དང་ ཕྱུག་གུ་འཚའ་ནི་ཡོད་མི་ཚུ་ཡང་ བཙོང་མ་ཆོགཔ་བཟོ་སྟེ་ ཡོད་ཟེར་ཨིན་པས།
སེམས་ཅན་ཚེ་ཐར་ཚོགས་པ་གིས་ སེམས་ཅན་སྲོག་སྐྱབས་འབད་ནི་དེ་ སྤྱི་ལོ་༢༠༠༩ དང་༢༠༡༠ ལས་ འགོ་བཙུགས་ཡོདཔ་ཨིན་རུང་ ཚོགས་པའི་ཆོག་ཐམ་དེ་ སྤྱི་ལོ་༢༠༡༤ ལུ་ ཐོབ་སྟེ་ སྤྱི་ལོ་༢༠༡༤ ལུ་གཡག་༡༠༡ སྤྱི་ལོ་༢༠༡༥ ལུ་གཡག་༦༥ དང་ སྤྱི་ལོ་༢༠༡༦ ལུ་ གཡག་༩༧ ཚེ་ཐར་བཏང་ཡོདཔ་ཨིན་པས།
དེ་གིས་མ་ཚད་ ར་དང་ ཉ་ ཕགཔ་ལ་སོགས་པ་ཚུ་ཡང་ ཚེ་ཐར་བཏང་ཡོདཔ་ཨིན་པས།
ཚེ་ཐར་ཚོགས་པ་ལུ་ གདོང་ལེན་དེ་ཡང་ ཏི་རུ་མ་ལང་པའི་དཀའ་ངལ་དང་ སེམས་ཅན་བཞག་ས་མེད་པའི་དཀའ་ངལ་ དེ་ལས་ ཁོང་ར་གིས་ ལྷག་བསམ་རྣམ་དག་གི་སྒོ་ལས་ ལཱ་འབད་རུང་ མི་ཚུ་གིས་ ཁ་བཏང་པའི་ཉེན་ཁ་འདུག་ཟེར་ཨིན་པས།
མ་གཞི་དེ་སྦེ་ ཁ་བཏང་མི་དེ་ལུ་ཡང་ བདེན་པ་ཡོད་མི་དེ་ཡང་ མི་ལ་ལོ་ཅིག་གིས་ སེམས་ཅན་གྱི་མིང་ཐོག་ཁར་ ཞལ་འདེབས་ཀྱི་ཀི་དེབ་རྫུས་མ་བཟོ་སྟེ་ ཞལ་འདེབས་བསྡུ་ལེན་འབད་མིའི་གྱངས་ཁ་ ཡར་སེང་སོང་ནི་དེ་གིས་ཡང་ འོང་ཟེར་ཨིན་པས།
འཕྲལ་ཁམསཅིག་ཁར་ ཚེ་ཐར་བཏང་མི་ཚུ་ དབང་འདུས་དཔལ་ལི་ལ་དང་ གློང་སྟོད་དང་གློང་སྨད་ལུ་ བསྐྱལ་ནི་ཨིནམ་ད་ གཡག་ཚུ་ སྣུམ་འཁོར་ནང་བཙུགས་ཏེ་ མ་བཏང་པའི་ཧེ་མ་ ཚེ་ཐར་བཏང་ཡི་ཟེར་བའི་ ངོ་རྟགས་སྦེ་ རཝ་བཏོག་ཞིནམ་ ཨོལ་ལྐོག་ཁར་ ཁ་དར་བཏགས་ཏེ་ བཏངམ་ཨིན་པས།
དེ་ཚེ་ ཚེ་ཐར་ཚོགས་པ་གིས་ གཡག་རེ་ལུ་ གོང་ཚད་དངུལ་ཀྲམ་༤༥,༠༠༠ རེ་ སྤྲོད་ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།

༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …

Leave a Reply

Your email address will not be published. Required fields are marked *