ད་ཚུན་གྱི་བར་ན་ ཚེ་ཐར་ཚོགས་པ་གིས་ ནོར་སེམས་ཅན་༡,༠༠༠ ལྷགཔ་ཅིག་ སྲོག་སྐྱབས་འབད་ནུག།

ཚེ་ཐར་བཏང་མི་ སེམས་ཅན་ཚུ་གིས་ ལོ་ཐོག་ལུ་ གནོདཔ་བཀལ་དོ་ཡོདཔ། 

༉ སེམས་ཅན་ཚེ་ཐར་ཚོགས་པ་གིས་ སྒོ་ནོར་སྲོག་སྐྱབས་འབད་དེ་ ག་ལྷོད་སར་ བཏང་བཞག་མི་ལུ་བརྟེན་ གསར་སྤང་གསེར་གཞོང་ལུ་ སོ་ནམ་ལཱ་དང་ ལོ་ཐོག་ཚུ་ལུ་ གནོདཔ་བཀལ་མི་ལུ་བརྟེན་ སོ་ནམ་པ་ཚུ་ དབུགས་འགམ་སྟེ་ཡོདཔ་ཨིན་པས།

དེ་ཡང་ སྒོ་ནོར་སེམས་ཅན་ཚུ་ རྩི་རང་ལུ་ སེམས་ཅན་སྲོག་གཅོད་ཁང་ལས་ སྲོག་སྐྱབས་འབད་བའི་ཤུལ་ལུ་ གཞུང་ལམ་དང་ རྒེད་འོག་ལྟེ་བའི་ འཁོར་ལམ་བདའ་སྟེ་ བཏང་བཞག་ཡོདཔ་ད་ སེམས་ཅན་ཚུ་གི་གྲས་ལས་ མང་ཤོས་ར་ གླང་ཚུ་ཨིན་པས། 

གསེར་གཞོང་ལས་ སོ་ནམ་པ་ པདྨ་ཀུན་བཟང་གིས་འབད་བ་ཅིན་ གནོདཔ་བཀལ་བའི་སྐོར་ སྙན་ཞུ་འབད་ནི་ཡང་ གདོང་ལེན་འདུག་ཟེར་ཨིནམ་ད་ ནོར་སེམས་ཅན་ཚུ་ ཚེ་ཐར་བཏང་མི་དེ་ ལེགས་ཤོམ་ཨིན་རུང་ བདག་འཛིན་འབད་མི་མིན་འདུག་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ནོར་ཚུ་གིས་ ཁོ་རའི་ ཤིང་ཐོག་ལྡུམ་རའི་ ར་བ་ཚུ་ མེདཔ་བཏང་པའི་ཤུལ་ལུ་ རྡོག་མ་དང་ ཚལ་ལུ་ཤིང་ཚུ་ མེདཔ་བཏང་ཡོདཔ་ལས་ ཤིང་འབྲས་ཀྱི་ལྕངམ་ཚུ་ ལོག་བཙུགས་དགོཔ་འཐོན་ནི་མས་ཟེར་ཨིན་པས།

གསེར་གཞོང་ཚོགས་པ་གིས་ སླབ་མིའི་ནང་ སྤྱི་འོག་ལས་ གུང་པ་༦ གི་ལོ་ཐོག་ཚུ་ལུ་ ཚེ་ཐར་བཏང་མི་ ནོར་ཚུ་གིས་ བཟའ་ཡོད་པའི་ སྙན་ཞུ་ལྷོད་ཅི་ཟེར་ཨིནམ་ད་ ད་རུང་ ནོར་༤ དེ་ཅིག་ ཆུ་རྐ་ལུ་ ཤི་ཡོད་པའི་ སྙན་ཞུ་ལྷོད་ཅི་ཟེར་ བཤདཔ་ཨིན་པས།

གསེར་གཞོང་གི་ སོ་ནམ་པ་ཚུ་གིས་འབད་བ་ཅིན་ སེམས་ཅན་དེ་ཚུ་གིས་ ལོ་ཐོག་ལུ་ གནོད་པ་ལེ་ཤ་ར་ བཀལ་ནུག་ཟེར་ཨིནམ་ད་ ས་གནས་ནང་ ནོར་སེམས་ཅན་༤༠ ལྷགཔ་ཅིག་འདུག་ཟེར་ཨིན་པས།

སོ་ནམ་པ་ པདྨ་ཚེ་དབང་གིས་འབད་བ་ཅིན་ སེམས་ཅན་ཚེ་ཐར་བཏང་མི་ལུ་ ངལ་རངས་ཡོད་རུང་ ལེགས་ཤོམ་སྦེ་ བདག་འཛིན་འཐབ་དགོཔ་འདུག་ཟེར་ཨིནམ་ད་ སེམས་ཅན་ཚེ་ཐར་བཏང་པའི་ཤུལ་ལུ་ དེ་སྦེ་ར་ ཤི་བཅུགཔ་ད་ མི་བཏུབ་པས་ཟེར་ སླབ་ཨིན་པས།

དེ་བཟུམ་མའི་ དཀའ་ངལ་བྱུང་སྟེ་ ཟླཝ་༡ ལྷག་དོ་ཟེར་ཨིནམ་ད་ སྙན་ཞུ་ག་ཏེ་འབད་ནི་ཨིན་ན་ ཧ་མི་གོ་བས་ཟེར་ པདྨ་ཚེ་དབང་གིས་ བཤདཔ་ཨིན་པས།

འདས་པའི་ཟླཝ་༣ ནང་ རྫོང་ཁག་སེམས་ཅན་ཚེ་ཐར་ཚོགས་པ་གིས་ ནོར་༤༠༠ དེ་ཅིག་ སྲོག་སྐྱབས་འབད་ཡི་ཟེར་ ཁས་བླངས་པ་ ཚེ་རིང་དཔལ་འབྱོར་གྱིས་ བཤདཔ་ཨིན་པས།

རྒྱལ་ཁབ་ནང་འཁོད་ལས་ ནོར་སེམས་ཅན་༡,༠༠༠ དེ་ཅིག་ ཚེ་ཐར་བཏང་ཡོདཔ་ད་ དེ་ཡང་ མང་ཤོས་ར་ དར་དཀར་ནང་དང་ རྩི་རང་ གསར་སྤང་དང་ ཀྲོང་གསར་ལས་ཨིན་པས། 

ཚེ་རིང་དཔལ་འབྱོར་གྱིས་ སླབ་མིའི་ནང་ ནོར་གྱི་གྱངས་ཁ་ ཡར་སེང་འགྱོ་མི་ལུ་བརྟེན་ སེམས་ཅན་ཚེ་ཐར་ཚོགས་པ་གིས་ སེམས་ཅན་ལེགས་ཤོམ་སྦེ་ བདག་འཛིན་འཐབ་ནི་དེ་ གདོང་ལེན་འདུག་ཟེར་ཨིན་པས།

ཚོགས་པ་དེ་ ཞལ་འདེབས་ལུ་ བརྟེན་སྡོད་དོ་ཡོདཔ་ལས་ མི་སེར་ཚུ་ལུ་ རྒུད་འཐུས་སྤྲོད་ནི་ནང་ གདོང་ལེན་འདུག་ཟེར་ ཚེ་རིང་དཔལ་འབྱོར་གྱིས་ བཤད་པའི་ཁར་ ནོར་བལྟ་མི་ཡང་ ཚད་ཅིག་ལས་བརྒལ་མེདཔ་ལས་ དཀའ་ངལ་ཡོད་ཟེར་ བཤདཔ་ཨིན་པས།

འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ ལོ་ཐོག་ལུ་ གནོདཔ་རྒྱ་ཆེཝ་སྦེ་བཀལ་ཏེ་མེད་ཟེར་ཨིནམ་ད་ སྲོག་སྐྱབས་འབད་མི་ ནོར་༢༥ དེ་ཅིག་ ཤི་ནུག་ཟེར་ཨིན་པས།

ནོར་མང་ཤོས་ར་ སྣུམ་འཁོར་ནང་ སྐྱེལ་འདྲེན་འབད་བའི་སྐབས་ རྐང་ལག་ཚུ་ ཐགཔ་གིས་བསྡམས་ཏེ་ མེདཔ་བཏང་ཡོདཔ་མ་ཚད་ རྨ་ཐོན་མི་ཚུ་ སྨན་བཅོས་འབད་མ་ཚུགས་ནི་དེ་གིས་ ཤི་ནུག་ཟེར་ ལུང་ཕྱོགས་ཚེ་ཐར་ཚོགས་པའི་ འགོ་འདྲེན་པ་ ཚེ་རིང་དཔལ་འབྱོར་གྱིས་ སླབ་ཨིན་པས།

ཞལ་འདེབས་ལུ་བརྟེན་ ཚེ་ཐར་ཚོགས་པ་གིས་ ནོར་༡,༠༠༠ དེ་ཅིག་ སྲོག་སྐྱབས་འབད་ཡོདཔ་ད་ ད་ལྟོ་ཚུན་ཚོད་ དངུལ་ཀྲམ་༩,༨༠༠,༠༠༠ སྤྲོད་ཡོདཔ་མ་ཚད་ འཛིན་སྐྱོང་དང་ སེམས་ཅན་གྱི་ཆག་དང་ ལྟོ་ཉོ་ནིའི་དོན་ལུ་ དངུལ་ཀྲམ་༩༠༠,༠༠༠ ཟད་འགྲོ་བཏང་ཡོདཔ་ཨིན་པས།

མི་མང་ལས་ རྒྱབ་སྐྱོར་ལེགས་ཤོམ་ཐོབ་སྟེ་འབད་རུང་ མཐའན་འཇུག་ལུ་ མི་མང་གི་ཏི་རུ་ ཐད་ཀར་མིན་པའི་ཐོག་ལས་ འཕྲོག་བཅོམ་འབད་དོ་བཟུམ་ མཐོང་ནི་མས་ཟེར་ ཚེ་རིང་དཔལ་འབྱོར་གྱིས་ བཤད་པའི་ཁར་ རྒུད་ཤོས་ར་ རྒྱབ་སྐྱོར་འབད་མི་ཚུ་ཨིནམ་ལས་ ལེགས་ཤོམ་ཅིག་མེན་པས་ཟེར་ བཤདཔ་ཨིན་པས།

ཚེ་ཐར་ཚོགས་པ་གིས་ སེམས་ཅན་སྲོག་སྐྱབས་ཀྱི་དོན་ལུ་ ནོར་རེ་ལུ་ ཉུང་ཤོས་དངུལ་ཀྲམ་༡༥,༠༠༠ དང་ མཐོ་ཤོས་དངུལ་ཀྲམ་༦༤,༠༠༠ རེ་སྤྲོད་དོ་ཟེར་ཨིན་པས།

ཚེ་རིང་དཔལ་འབྱོར་གྱིས་ སླབ་མིའི་ནང་ ནོར་ལེགས་ཤོམ་སྦེ་ བདག་འཛིན་འཐབ་ནིའི་དོན་ལུ་ འཆར་གཞི་བརྩམ་དགོཔ་འདུག་ཟེར་ཨིནམ་ད་ འཆར་གཞི་ཚུལ་ལྡན་ཡོད་པ་ཅིན་ མི་མང་ལུ་ ཨུ་ཚུགས་འབྱུང་ནི་དེ་ཡང་ ཉུང་སུ་འགྱོ་འོང་ཟེར་ བཤད་པའི་ཁར་ མི་མང་ལས་ ཡང་བསྐྱར་དུ་ ཞལ་འདེབས་བསྡུ་བླང་འབད་བ་ཅིན་ མི་ཚུ་ སྲོག་སྐྱབས་ཀྱི་ ལས་དོན་ཚུ་ལུ་ རྒྱབ་སྐྱོར་འབད་ནི་དེ་ཡང་ སྤྲོ་བ་ཞན་འགྱོ་འོང་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ གནས་བརྟན་རྡོ་རྗེ། 

About admin

Check Also

ཆུའི་གཙོ་རིམ་ལས་འགུལ་ལུ་བརྟེན་ འཐུང་ཆུ་དང་ ཞིང་ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ བུམ་ཐང་ ཨུ་ར་རྒེད་འོག་ སྟངས་སི་སྦིས་སྤྱི་འོག་གི་ མི་སེར་ཚུ་ ཟླཝ་༣ གྱི་རྒྱབ་ལས་ ཨ་རྟག་བཟུམ་སྦེ་ ཆུའི་དཀའ་ངལ་མི་འབྱུང་ནི་ཨིན་མི་དེ་ཡང་ ཆུའི་གཙོ་རིམ་ལས་འགུལ་འོག་ གཞུང་དང་བདེ་སྲུང་མཉམ་འབྲེལ་ཐོག་ ཞིང་ཆུ་དང་འཐུང་ཆུའི་ལས་འགུལ་ འགོ་བཙུགས་ནི་དེ་གིས་ཨིན་པས། ཁ་ཙ་ ལས་འགུལ་གྱི་ …

Leave a Reply

Your email address will not be published. Required fields are marked *