ལོག་ཅི་ནང་ལུ་ ཚལ་ལུ་བཏོག་རན་མིའི་མཐོང་སྣང་།

ཚལ་ལུ་ཕྱིར་ཚོང་ ལེགས་ཤོམ་སྦེ་ འཐབ་མི་ཚུགས་ནི་བཟུམ་ཡོདཔ།

༉ གལ་སྲིད་ བང་ལ་དེཤ་གིས་ ཚལ་ལུ་ནང་འདྲེན་ མི་འབད་ནི་སྦེ་ ཐག་བཅད་པ་ཅིན་ རྒྱལ་ཁབ་ནང་ དངུལ་ཐོག་ཚལ་ལུ་འཛུགས་སྐྱོང་འབད་མི་ སོ་ནམ་པ་དང་ ཕྱིར་ཚོང་འཐབ་མི་ཚུ་ དུས་ཅི་ ལཱ་ཁག་གཏང་ནི་བཟུམ་ཅིག་ཡོདཔ་ཨིན་པས།

དེ་ཡང་ ཕྱི་དངུལ་གསོག་འཇོག་འབད་ནིའི་དོན་ལུ་ བང་ལ་དེཤ་རྒྱལ་ཁབ་ཀྱིས་ ནང་འདྲེན་ལེ་ཤ་ཅིག་ར་ བཀག་ཆ་འབད་དེ་ཡོདཔ་ད་ འབྲུག་རྒྱལ་ཁབ་ཀྱི་ དངུལ་ཐོག་གཙོ་ཅན་ ཚལ་ལུ་ཚུ་ བང་ལ་དེཤ་ལུ་ ཕྱིར་ཚོང་འཐབ་དོ་ཡོདཔ་ཨིན་པས།

ད་རེས་ བང་ལ་དེཤ་གི་ ནང་འདྲེན་པ་ཚུ་གིས་ ཨེལ་སི་ཟེར་མི་ དངུལ་ཡིག་བྱིན་མ་ཚུགས་པར་ ཡོད་མི་ལུ་བརྟེན་ ཕུན་ཚོགས་གླིང་གི་ ཚལ་ལུ་ཚོང་པ་ཚུ་གིས་ ཚལ་ལུ་བཙོང་མ་ཚུགས་པར་ ཡོདཔ་ཨིན་པས།

ལོག་ཅི་ནང་ལས་ ཚལ་ལུའི་ཇོ་བདག་ པ་བི་ཊ་གིས་ སླབ་མིའི་ནང་ ཚལ་ལུ་བཏོག་ནི་དང་ ཕྱིར་ཚོང་འཐབ་ནི་ གྲ་སྒྲིག་ཡོད་རུང་ དངུལ་ཡིག་གི་ དཀའ་ངལ་ལུ་བརྟེན་ ཕྱིར་ཚོང་འཐབ་མི་ཚུགས་ནི་བཟུམ་ འདུག་ཟེར་ཨིན་པས།

དེ་མིན་ དངུལ་ཐོག་ཚུ་ རྒྱ་གར་ལུ་ ཕྱིར་ཚོང་མ་བཙོང་པར་ ཐབས་མེད་འབྱུང་ནི་ཨིན་རུང་ ད་རེས་ རྒྱ་གར་གྱི་ ཁྲོམ་ཚུ་ནང་ ཚལ་ལུའི་ཐོན་སྐྱེད་ཚུ་ ཁྱབ་ཆེ་དྲགས་སྦེ་ ལྷོད་དེ་ཡོདཔ་ལས་ དེ་ནང་ཡང་ ཚོང་འབྲེལ་གྱི་ གདོང་ལེན་འབྱུང་ནི་ཨིན་པས།

ཕུན་ཚོགས་གླིང་གི་ ཚལ་ལུ་ཕྱིར་ཚོང་པ་ བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ ད་ལྟོ་ དངུལ་ཡིག་ལུ་ སྒུག་སྟེ་ཡོདཔ་བཞིན་དུ་ ཁྲོམ་ཁར་དངུལ་ཡིག་འཆང་མི་ དག་པ་ཅིག་ལས་བརྒལ་མིན་འདུག་ཟེར་ཨིནམ་ད་ ང་བཅས་ཀྱི་ ཚལ་ལུ་བཀྲམ་སྤེལ་བ་ཚུ་ལས་ འཕྲལ་འཕྲལ་ར་ བརྒྱུད་འཕྲིན་ལྷོད་ནི་ཡོད་རུང་ བང་ལ་དེཤ་གི་ ནང་འདྲེན་པ་ཚུ་ལུ་ དངུལ་ཡིག་ཐོབ་མ་ཚུགས་པར་ཡོདཔ་ལས་ དུས་ཅི་ གནས་ཚུལ་ལེག་ཤོམ་ཅིག་ མིན་འདུག་ཟེར་ བསོད་ནམས་སྟོབས་རྒྱས་ཀྱིས་ བཤདཔ་ཨིན་པས།

ཕྱིར་ཚོང་པ་ཚུ་གིས་ དོ་ཁང་རྐྱབ་སྟེ་ ཚལ་ལུ་ཚུ་ བཞག་ཡོད་རུང་ ཕྱིར་ཚོང་འཐབ་མ་ཚུགས་པར་ ལུས་ཡོདཔ་ད་ དཔལ་གླིང་ཕྱིར་ཚོང་པ་ སྤེན་པ་གིས་ སླབ་མིའི་ནང་ ཨ་རྟག་འབད་བ་ཅིན་ ཚལ་ལུའི་ཕྱིར་ཚོང་དེ་ སྤྱི་ཟླ་༡༡ པའི་ཚེས་༢༥ ལས་ འགོ་བཙུགས་དོ་ཡོད་རུང་ དུས་ཅི་ ཕྱིར་ཚོང་འགོ་བཙུགས་མ་ཚུགས་ཟེར་ཨིན་པས།

དངུལ་ཡིག་དག་པ་ཅིག་ སྤྱི་ཟླ་༡༡ པའི་ ཧེ་མ་ལས་ ཆ་འཇོག་འབད་ནུག་ཟེར་ སྤེན་པ་གིས་ བཤདཔ་ཨིན་པས།

འབྲུག་ལས་ དངུལ་ཐོག་ཚལ་ལུ་དང་ ཨེ་པཱལ་ཚུ་ ཕྱིར་ཚོང་འཐབ་དོ་ཡོདཔ་ད་ ཕྱིར་ཚོང་པ་ཚུ་གིས་ བཤད་མིའི་ནང་ རྒྱ་གར་དེ་ ཐོན་སྐྱེད་ཚུ་ ཚོང་འབྲེལ་འཐབ་ནི་གི་ ས་གོ་ལེགས་ཤོམ་ཅིག་ མེན་ཟེར་ཨིན་པས།

ཚལ་ལུའི་སྒྲོམ།

ཕུན་ཚོགས་གླིང་གི་ ཕྱིར་ཚོང་པ་ཚུ་གིས་ བཤད་མིའི་ནང་ གཞུང་གིས་ སྤུས་ཚད་ལྡན་པའི་ ཚལ་ལུའི་བཙུགས་སྒྲོམ་བཟོ་ནིའི་ལཱ་དེ་ ཤིང་བཟོ་ལས་སྡེ་ཚུ་ལུ་ བྱིན་ཏེ་ཡོད་རུང་ ཚལ་ལུ་བཙུགས་སའི་ ཤིང་སྒྲོམ་མ་ལང་པའི་ དཀའ་ངལ་སྦོམ་སྦེ་ར་ ཐོན་ཏེ་ཡོད་ཟེར་ཨིན་པས།

སྤེན་པ་གིས་འབད་བ་ཅིན་ དངུལ་ཡིག་ཡོད་རུང་ ཁྲོམ་ཁར་ཤིང་སྒྲོམ་མ་ལང་པའི་ དཀའ་ངལ་འདུག་ཟེར་ཨིནམ་ད་ ད་རེས་ འབྲུག་ཤིང་བཟོ་ཐོན་སྐྱེད་ཚད་འཛིན་གྱིས་ ཚལ་ལུའི་སྒྲོམ་བར་མ་བཟོ་ནི་ འགོ་བཙུགས་ཏེ་ཡོདཔ་ཨིན་པས།

སྤྱི་ཟླ་༡༢ པའི་ཚེས་༥ ལུ་ འབྲུག་ཤིང་བཟོ་ཐོན་སྐྱེད་ཚད་འཛིན་གྱིས་ ཐོན་སྐྱེད་འགོ་འབྱེད་འབད་ཡོདཔ་ད་ འཛིན་སྐྱོང་དང་འཁྲིལ་བ་ཅིན་ སྒྲོམ་ཚུ་ཡང་ སྤྱོད་མ་བཏུབ་པའི་ ཤིང་དྲ་དུམ་ཚུ་གིས་ བཟོ་འོང་ཟེར་ཨིན་པས།

སྤྱོད་མ་བཏུབ་མི་དང་ བཟོ་གྲྭ་ཁང་གིས་བཀོག་མི་ ཤིང་ཆས་ཚུ་ལས་ སྒྲོམ་བཟོ་བའི་སྐབས་ ལས་འཛིན་དང་ ཕྱིར་ཚོང་འཐབ་མི་གཉིས་ཆ་ར་ལུ་ ཁེ་ཕན་འབྱུང་ཚུགས་ནི་མས་ཟེར་ ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ ཤེས་རབ་རྣམ་རྒྱལ་གྱིས་ བཤདཔ་ཨིན་པས།

དེ་བཟུམ་མའི་ ཚོང་འབྲེལ་འཐབ་མི་ གཙོ་བོ་ར་ མཁོ་འདོད་བཀོད་མི་ ལེ་ཤ་ཡོད་མི་ལུ་བརྟེན་ཨིནམ་ད་ ལས་འཛིན་དང་འཁྲིལ་བ་ཅིན་ ཚལ་ལུའི་དུས་ཚོད་རེ་ལུ་ ཤིང་སྒྲོམ་༣༠༠,༠༠༠ དང་༤༠༠,༠༠༠ གི་བར་ན་ མཁོ་འདོད་བཀོད་དོ་ཡོདཔ་ཨིན་པས།

ཤིང་སྒྲོམ་རེ་ལུ་ དངུལ་ཀྲམ་༩༠ རེ་སྦེ་ བཙོང་དོ་ཡོདཔ་ད་ ད་ལྟོ་ཚུན་ ལས་འཛིན་ལུ་ ཤིང་སྒྲོམ་༢༥,༠༠༠ དགོ་པའི་མཁོ་འདོད་ལྷོད་དེ་ཡོདཔ་བཞིན་དུ་ སྒྲོམ་ཚུ་ཡང་ སྤུས་ཚད་དང་ལྡནམ་སྦེ་ཡོད་ཟེར་ ཤེས་རབ་རྣམ་རྒྱལ་གྱིས་ བཤད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།

༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …

Leave a Reply

Your email address will not be published. Required fields are marked *