ཚབས་དགོཔ་མེདཔ།

༉ ཟླ་ནག་མཇུག་བསྡུཝ་དང་འབྲེལ་ གཞུང་གིས་ ནད་ཡམས་ཀོ་བིཌ་-༡༩ འི་སྨན་ཁབ་ལས་འཆར་ འཕྲལ་མགྱོགས་ར་ འགོ་བཙུགས་ནི་ཨིནམ་ལས་ ཕར་ཚུར་འགྱོ་འདོད་ཡོད་མི་ཚུ་ ག་ཅི་འབད་ནི་ཨིན་ན་ཡང་ མ་ཤེས་པར་ མགུ་འཐོམ་སྟེ་སྡོད་སར་ མཐོང་གསལ་བྱུངམ་ཨིན་མས།

དེ་སྦེ་ མགུ་འཐོམ་མི་དེ་ཡང་ འཕྲལ་ཁམས་ཅིག་ཁར་ གཞུང་གིས་ སྨན་ཁབ་དེ་ བདུན་ཕྲག་འདི་ནང་ལས་ འགོ་བཙུགས་ནི་གི་ ལས་འཆར་ཡོད་པའི་སྐོར་ བཤད་ཡོད་རུང་ ད་ཚུན་གྱི་བར་ན་ ཚེས་གྲངས་གཏན་འཁེལ་ མེད་མི་ལུ་བརྟེན་ཨིན་མས།

ད་རེས་ནངས་པར་ ཀོ་བིཌ་-༡༩ འི་སྨན་ཁབ་ཚུ་ བཟོ་སྐྲུན་འབད་དེ་ ལག་ལེན་འཐབ་པའི་བསྒང་ཡོདཔ་བཞིན་དུ་ འཛམ་གླིང་རྒྱལ་ཁབ་ལ་ལོ་ཅིག་ནང་ སྨན་ཁབ་ཀྱི་ ཕན་གནད་ལུ་བརྟེན་ རྩོད་རྙོགས་ཐོན་ཏེ་ཡོད་མི་དེ་ཡང་ སྨན་ཁབ་ཀྱི་ ཕན་ནུས་སྐོར་མེན་པར་ གཞུང་གིས་ སྨན་ཁབ་ཚུ་ གདམ་ཁ་རྐྱབ་ནི་ལུ་ ཐག་བཏོག་མ་ཚུགས་ནི་དེ་གིས་ཨིན་མས།

རྒྱལ་ཁབ་ལེ་ཤ་ཅིག་གིས་ ཨཱསི་ཊ་ ཟེ་ནི་ཀ་ཟེར་མི་ སྨན་ཁབ་དེ་གིས་ ཁྲག་ཁེགས་དོ་ཡོད་པའི་ སྙན་ཞུ་ལུ་བརྟེན་ ལག་ལེན་མཚམས་འཇོག་འབད་དོ་ཡོདཔ་ད་ འབྲུག་ལུ་འབད་བ་ཅིན་ ནད་ཡམས་ཀོ་བིཌ་-༡༩ ལུ་ གདོང་ལེན་དང་ སྔོན་འགོག་འབད་ནིའི་ནང་ མཐར་འཁྱོལ་བྱུང་པའི་ སྙན་གྲགས་ཐོན་ཏེ་ཡོད་པའི་ཁར་ སྨན་ཁབ་འབད་རུང་ ག་དང་ག་ལུ་ བཙུགས་དགོཔ་ཨིན་ན་ ངོས་འཛིན་འབད་དེ་ཡོདཔ་ཨིན།

དེ་གིས་མ་དོ་བར་ ཀོ་བིཌ་-༡༩ འི་སྨན་ཁབ་དེ་ སྐྱེས་ལོ་ག་དེམ་ཅིག་ལས་ བཙུགས་པ་ཅིན་ དྲག་ནི་ཨིན་ན་ ཤེས་རྟོགས་ཡོད་རུང་ ད་ལྟོ་ འཛམ་གླིང་ནང་ མོ་བཏབ་འབད་བའི་བསྒང་ཡོདཔ་ལས་ འབྲུག་གིས་ གནས་སྟངས་དང་འཁྲིལ་ ཕན་ནུས་ཡོད་པའི་ སྨན་ཁབ་གདམ་ཁ་རྐྱབ་ནིའི་ གོ་སྐབས་སྦོམ་དུག།

གལ་སྲིད་ འཛམ་གླིང་རྒྱལ་ཁབ་ཚུ་གིས་ ནད་ཡམས་སྔོན་འགོག་གི་དོན་ལུ་ སྨན་ཁབ་ག་ཐོབ་ག་ཚུད་སྦེ་ བཙུགས་མི་ལུ་བལྟ་སྟེ་ ང་བཅས་ཀྱིས་ཡང་ སྟག་མཆོང་སར་འམ་མཆོངས། །འམ་རྐེདཔ་བཅག། ། ཟེར་འཇིག་རྟེན་པའི་ དཔྱེ་གཏམ་སླབ་སྲོལ་ཡོདཔ་བཟུམ་ རོགས་འབདཝ་མས་ཟེར་ རང་གིས་འབད་བ་ཅིན་ ཞལ་ཐག་དཔྱང་ནི་ཨིནམ་ལས་ ཚབས་ཚབས་འབད་དགོཔ་ཅིག་ མི་མཐོངམ་མས།

ག་འཆརཔ་ཟེར་བ་ཅིན་ ནད་ཡམས་ཁྱབ་སྤེལ་འགྱོ་ནི་ལས་ བཀག་ཐབས་ལུ་ ད་ལྟོ་ ལག་ལེན་འཐབ་བཞིན་དུ་ཡོད་མི་ ཟུར་བཞག་ལམ་ལུགས་དང་ གསོ་བའི་སྒྲིག་གཞི་ཚུ་ ཚུལ་མཐུན་སྦེ་ བསྟར་སྤྱོད་འབད་མི་དེ་ ཐབས་ལམ་དྲག་ཤོས་ཅིག་ཨིནམ་མ་ཚད་ ནད་འབུབ་ཐོབ་མིའི་ གྱངས་ཁ་ལས་འབད་རུང་ ན་ཧིང་ སྤྱི་ཟླ་༣ པ་ལས་འགོ་བཙུགས་ ལོ་༡ གི་ནང་འཁོད་ལུ་ མི་ངོ་༨༦༨ ལས་བརྒལ་མེདཔ་མ་ཚད་ ད་རེས་ སྨན་ཁང་གི་ རྐྱང་གནས་ནད་ཁང་ནང་ ནད་འབུབ་ཐོབ་མི་ ཕུད་རྡོག་གཅིག་མ་གཏོགས་ མེད་མི་ལུ་བལྟ་བ་ཅིན་ ནད་ཡམས་ཀྱི་ གནོད་ཉེན་དེ་ཅིག་ར་མིན་འདུག།

ཨིན་རུང་ སྨན་ཁབ་ལྷོད་མི་དང་ མི་སྡེ་ནང་ ནད་ཡམས་ཁྱབ་སྤེལ་མེད་མི་ལུ་ ང་བཅས་ཆ་ཁྱབ་ སེམས་བག་ལྷོད་ཐོག་ སྡོད་ཐབས་མེདཔ་ལས་ གསོ་བའི་སྒྲིག་གཞི་ ཁ་རས་ལག་ལེན་དང་ རང་དང་གཞན་གྱི་བར་ན་ ས་སྟོང་བཞག་ནི་ ཕར་ཚུར་དང་ ཡིག་ཚང་ ཚོང་འབྲེལ་ས་ཁོངས་ཚུ་ནང་འགྱོཝ་ད་ འབྲུག་ཊེསི་རིམ་ལུགས་ ལག་ལེན་འཐབ་དགོ།

སྨན་ཁབ་ཀྱི་ཐད་ལུ་ གོང་ལུ་གསལ་བཀོད་འབད་དོ་བཟུམ་ ད་ལྟོ་ རྒྱལ་ཁབ་ནང་ སྨན་ཁབ་ཚངམ་སྦེ་ མ་ལྷོད་པར་ཡོདཔ་མ་ཚད་ སྨན་ཁབ་ཆ་ཚང་ལྷོད་རུང་ མི་མང་ལུ་ སྨན་ཁབ་བཙུགས་ནིའི་དོན་ལས་ ཚེས་གྲངས་གཏན་འཁེལ་གྱི་ ཁྱབ་བསྒྲགས་མ་འབད་ཚུན་ཚོད་བསྒུག་རུང་ སྟབས་མ་བདེཝ་ག་ཅི་ཡང་ མི་མཐོངམ་མས།

འདི་འབདཝ་ལས་ ང་བཅས་ཀྱིས་ ཟླཝ་དག་པ་ཅིག་ བསྒུག་པ་ཅིན་ སྨན་ཁབ་དེ་ ང་བཅས་ག་ར་ལུ་ བཙུགས་དགོཔ་ཡོདཔ་ཨིན་ན་ ལེགས་ཤོམ་སྦེ་ ཧ་གོ་ཚུགས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *