ཚབས་ཆེན་གནས་སྟངས་ནང་ འཐུས་ཤོར་འབྱུང་པ་ཅིན་ བཟོད་བསྲན་མེདཔ།

༉ ང་བཅས་རའི་ ས་མཚམས་ཁྲོམ་སྡེ་ ཕུན་ཚོགས་གླིང་ལུ་ ཌེང་གི་ནད་གཞི་ ཁྱབ་སྤེལ་སོང་མི་དེ་ ཚད་འཛིན་འབད་ནིའི་དོན་ལུ་ ག་དེམ་ཅིག་ར་ རྩ་འགེངས་ཏེ་འབད་རུང་ གདོང་ལེན་ཅན་ཅིག་ལུ་ གྱུར་ཡོད་པའི་མངོན་གསལ་ བྱུངམ་ཨིན་མས།
དུས་ཅི་ སྤྱི་ཟླ་༧ པའི་ བདུན་ཕྲག་དང་པ་ལས་ ཌེང་གི་ནད་གཞི་ འགོ་ཐོག་ཐོནམ་ལས་ཚུར་ ད་ལྟོ་ཚུན་ ཉིན་བསྟར་བཞིན་དུ་ ཐོ་བཀོད་འབད་མི་ལུ་ལྟཝ་ད་ རྣམ་རྟོག་ལང་སི་སི་གི་ གནས་སྟངས་ཅིག་ཨིན་མས།
འབྲེལ་ཡོད་དབང་འཛིན་ཚུ་གིས་ ཕུན་ཚོགས་གླིང་ཁྲོམ་གྱི་ས་ཁོངས་ནང་ ཌེང་གི་ནད་གཞི་ ཚད་འཛིན་འབད་ནིའི་དོན་ལུ་ གོ་བརྡའི་ལས་རིམ་དང་ ཕྱགས་བརྡར་ལས་རིམ་ཚུ་ འགོ་འདྲེན་འཐབ་པ་གིས་མ་ཚད་ ས་ཁོངས་ཚུ་ནང་ གཟན་དོམ་གྱི་སྨན་གཏོར་རུང་ ད་ལྟོ་བཟུམ་ཅིག་འབད་བ་ཅིན་ ཌེང་གི་ནད་གཞི་ཐོབ་མི་༣,༠༠༠ལྷགཔ་ཅིག་ལུ་ ཡར་སེང་སོང་ཡོདཔ་མ་ཚད་ ད་རུང་ གནས་སྟངས་དང་འཁྲིལཝ་ད་ ལྷག་པར་དུ་ གྱངས་ཁ་ཡར་སེང་འགྱོ་ནི་ཨིན་མས།
མ་གཞི་ ཌེང་གི་ནད་གཞི་ཐོནམ་ཅིག་ དེ་འཕྲོ་ལས་ གསོ་བའི་གློ་བུར་སྡེ་ཕྲན་ལུ་ སྙན་ཞུ་འབད་ནི་དང་ དུས་ཐོག་ལུ་ གསོ་བའི་མཁས་མཆོག་ཚུ་གིས་ བར་འཛུལ་འབད་དེ་ སེལ་ཐབས་འབད་དགོཔ་ཅིག་ཨིན་རུང་ ད་ལྟོའི་ཐད་ཁར་ ཐབས་ལམ་༢ ཆ་ར་ གཏོན་མ་ཚུགསཔ་བཟུམ་ཅིག་སྦེ་ ལུས་སོ་ནུག།
དུས་ཚོད་དང་བསྟུན་པའི་ ནད་ཡམས་འདི་ ས་གནས་ནང་ཐོན་པའི་ཤུལ་ལས་ སྨན་ཁང་ནང་ ཉིན་བསྟར་བཞིན་དུ་ ནདཔ་འོང་མིའི་གྱངས་ཁ་ ཡར་སེང་སོང་སྟེ་འབད་རུང་ གསོ་བའི་ལྷན་ཁག་གི་ཁ་ཐུག་ལས་ ངོས་ལེན་ཆུང་སུ་ཅིག་ལས་ མེདཔ་ཨིན་མས།
གཞན་དལ་གཞི་ ལྷན་ཁག་གིས་ འདི་བཟུམ་མའི་ ཚབས་ཆེན་གནས་སྟངས་ནང་ ངོས་ལེན་གང་དྲག་འབད་དེ་ གློ་བུར་གྱི་ ཐབས་ཤེས་གནས་སྐབས་ཚུ་ གཏོན་ཡོད་པ་ཅིན་ ད་ལྟོ་བཟུམ་སྦེ་ ཉེན་ཁ་ཅན་ཅིག་ལུ་ འགྱུར་ནི་ལས་ བཟློག་ཐབས་འབད་ཚུགས་ནི་ཨིན་མས།
ཕུན་ཚོགས་གླིང་སྨན་ཁང་གི་ གློ་བུར་སྡེ་ཕྲན་ནང་ ཉལ་ཁྲི་༨ མ་གཏོགས་མེད་ནི་དེ་གིས་ ནདཔ་ཚུ་ སྨན་ཁང་གི་ སྒོ་བར་ནང་བཞག་སྟེ་ སྨན་བཅོས་འབད་དགོ་པའི་ གནས་སྟངས་ལུ་ ཐུག་ཡོདཔ་ཨིན་མས།
འབྲུག་གི་ གསོ་བའི་ལམ་ལུགས་དེ་ འདས་པའི་ལོ་དག་པ་ཅིག་ལས་ཚུར་ ཀུན་ཁྱབ་དང་ ཉམས་མྱོང་ཅན་གྱི་ ཞབས་ཏོག་མཐུན་རྐྱེན་ཚུ་ གཞི་བཙུགས་ཐོག་ ཡར་དྲག་སོང་ཡོདཔ་མ་ཚད་ རྒྱལ་ཡོངས་ཀྱི་ གསོ་བའི་དམིགས་གཏད་ཚུ་ གྲུབ་བཞིན་དུ་ཡོད་རུང་ ད་རེས་བཟུམ་མའི་ གནས་སྟངས་བྱུངམ་ད་ ངོས་ལེན་ཆུང་སུ་ཅིག་ལས་མེད་མི་དེ་ལུ་ ང་བཅས་ར་ དྲི་བ་བཀོད་དགོཔ་འདུག།
ཧེ་མ་ གསོ་བའི་ཁྱད་རིགཔ་ཚུ་ དཀོན་པའི་དུས་ཚོད་ལུ་ གསོ་བའི་ལྟེ་བ་ཚུ་ནང་ ཌོག་ཊར་མ་ལང་པའི་ཁར་ གློ་བུར་གྱི་དཀའ་ངལ་ཚུ་ སེལ་ཐབས་འབད་ནི་ལུ་ གདོང་ལེན་བྱུང་མི་དེ་གིས་ རྒྱལ་ཡོངས་ལུ་ ཟད་འགྲོ་ལྕི་དྲགས་གནསཔ་ཨིན།
ད་ལྟོ་བཟུམ་ཅིག་འབད་བ་ཅིན་ མི་ཚུ་ནང་འཁོད་ལུ་ ཌེང་གི་ནད་གཞི་དང་འབྲེལ་བའི་ འདྲོག་བྱེལ་འཐབ་ནི་དང་ དབུགས་འགམ་འབྱུང་ནི་ཚུ་ ཧ་ལམ་ ཞི་སོ་པའི་ མཐོང་སྣང་བྱུང་རུང་ ན་འཐན་སྦེ་ར་ དཔྱད་བལྟ་བ་ཅིན་ ཉེན་ཁ་སྦོམ་སྦེ་ར་འདུག།
དྲུང་ཁག་ཡིག་ཚང་དང་ སྨན་ཁང་གི་བར་ན་ མཉམ་འབྲེལ་དང་ བརྡ་དོན་བརྗེ་སོར་ཚུ་མེད་པར་ བག་གཡེང་ལུས་མི་དེ་ འཕྲོ་མཐུད་དེ་ར་ ལེགས་བསྒྱུར་མེད་པ་ཅིན་ འགྲོས་ཀྱིས་སྦེ་ འགྲམ་ཆག་ཚབས་ཆེན་འབྱུང་ནིའི་ ཉེན་ཁ་འདུག།
བློན་ཆེན་གྱི་ཁ་ཐུག་ལས་ ཌེང་གི་ནད་གཞིའི་ གནས་སྟངས་དེ་ ཉེན་ཁ་ཅན་ཅིག་ཨིནམ་སྦེ་ འགྲེལ་བཤད་རྐྱབ་གནངམ་མ་ཚད་ གང་མགྱོགས་སེལ་ཐབས་འབད་དགོ་པའི་ ཨུ་ཚུགས་རྐྱབ་མི་དང་བསྟུན་ གལ་སྲིད་ འཐུས་ཤོར་འབྱུང་པ་ཅིན་ བཟོད་བསྲན་མེད་ཟེར་ བསླབ་བཀོད་གནང་ཡི།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *