ཚན་རིག་སློབ་ཕྲུག་ཅིག་གིས་ སྨན་ཁང་ནང་ལས་ ཆོས་རྒྱུགས་བྲིས་དོ་ཡོདཔ།

༉ པདྨ་དགའ་ཚལ་ ནང་སྐོར་སློབ་གྲྭ་ལྟེ་བའི་ སློབ་རིམ་༡༡ པའི་ ཚན་རིག་སློབ་ཕྲུག་ སྐྱེས་ལོ་༡༦ ལང་མི་ རིན་ཆེན་དཔལ་སྒྲོན་གྱིས་ ཆོས་རྒྱུགས་ཚར་༢ སྨན་ཁང་ནང་ལས་ བྲིས་ཡོདཔ་ཨིན་པས།

དེ་ཡང་ སྤྱི་ཟླ་༡༡ པའི་ཚེས་༢༢ ལུ་ མོ་གིས་ ཨིང་ལིཤ་དང་པའི་ ཆོས་རྒྱུགས་བྲིས་ཡོདཔ་བཞིན་དུ་ ཁ་ཙ་ ཨིང་ལིཤ་༢ པའི་ ཆོས་རྒྱུགས་བྲིས་ཡོདཔ་ད་ ད་རིས་ བརྡ་དོན་དང་ འཕྲུལ་རིག་གི་ ཆོས་རྒྱུགས་འབྲི་ནི་ཨིན་པས།

རིན་ཆེན་དཔལ་སྒྲོན་དེ་ ནད་གཞི་བད་ཀན་ཐོབ་ཡོདཔ་སྦེ་ ངོས་འཛིན་འབད་ནི་དེ་གིས་ སྨན་ཁང་ནང་ བཞག་ཡོདཔ་བཞིན་དུ་ སྨན་ཁང་དང་ སློབ་གྲྭའི་འཛིན་སྐྱོང་གིས་ མོ་གིས་ ཆོས་རྒྱུགས་རྐྱབ་ཚུགས་ནིའི་དོན་ལུ་ མཐུན་རྐྱེན་ཚུ་ གྲ་སྒྲིག་འབད་ཡོདཔ་ཨིན་པས།

རིན་ཆེན་དཔལ་སྒྲོན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ བད་ཀན་ཐོབ་ཡོདཔ་སྦེ་ ངོས་འཛིན་འབད་བའི་ཤུལ་ལུ་ སྤྱི་ཟླ་༡༡ པའི་ཚེས་༢ ལས་ སྨན་ཁང་ནང་ སྡོད་ཞིནམ་ལས་ སྨན་བཅོས་འབད་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ དཔེ་ཆ་དུམ་གྲ་ཅིག་ ཆད་ཡོད་མི་ཚུ་ཡང་ ཆ་རོགས་ཚུ་གིས་ འགྲུལ་འཕྲིན་ཐོག་ལས་ སྟོན་ནིའི་གྲོགས་འབད་ཡི་ཟེར་ཨིན་པས།

མོ་གིས་ སླབ་མིའི་ནང་ སློབ་གྲྭ་གིས་ མོ་ལུ་ ཆོས་རྒྱུགས་འབྲི་ནིའི་དོན་ལུ་ ག་དེ་སྦེ་ གྲ་སྒྲིག་ཡོད་ག་ཟེར་ དྲིས་པའི་སྐབས་ མོ་གིས་ ཆོས་རྒྱུགས་ཀྱི་དོན་ལས་ གྲ་སྒྲིག་ཡོད་ཟེར་ སླབ་ཡོདཔ་བཞིན་དུ་ ཌོག་ཊར་ཚུ་གིས་ བརྟག་དཔྱད་འབད་བའི་སྐབས་ བད་ཀན་དེ་ མ་དྲག་པར་ཡོད་པའི་ ངོས་འཛིན་བྱུང་ཡི་ཟེར་ཨིན་པས།

དེ་འབདཝ་ལས་ ཆོས་རྒྱུགས་རྐྱབ་ནིའི་དོན་ལུ་ མོ་ར་སློབ་གྲྭ་ནང་ གཏང་མི་ཚུགས་ནི་ཨིན་རུང་ སློབ་གྲྭ་གིས་ གནང་བ་དང་ གོ་སྐབས་བྱིན་པ་ཅིན་ མོ་གིས་ ཆོས་རྒྱུགས་འབྲི་ནིའི་དོན་ལུ་ ཁང་མིག་དང་ མཐུན་རྐྱེན་གཞན་ཚུ་ རྒྱབ་སྐྱོར་འབད་ནི་ཟེར་ གསོ་བཟི་གཙོ་འཛིན་འགོ་དཔོན་གྱིས་ སློབ་གྲྭ་ལུ་ ཡི་གུ་བཏང་ནུག་ཟེར་ རིན་ཆེན་དཔལ་སྒྲོན་གྱིས་ བཤདཔ་ཨིན་པས།

རིན་ཆེན་དཔལ་སྒྲོན་གྱིས་ སླབ་མིའི་ནང་ ད་རེས་ སློབ་གྲྭའི་འཛིན་སྐྱོང་གིས་ མོ་ལུ་ སྨན་ཁང་ནང་ལས་ ཆོས་རྒྱུགས་འབྲི་ནིའི་ གོ་སྐབས་གནང་མི་ལུ་ སེམས་དགའ་ཡོདཔ་མ་ཚད་ དགའ་ཚོར་སྦོམ་ཡོད་ཟེར་ཨིནམ་ད་ གློ་བུར་གྱི་ གནད་དོན་ཚུ་སྐབས་ རྒྱལ་ཁབ་ཀྱི་ སློབ་གྲྭ་ཁག་ཚུ་གིས་ཡང་ དེ་བཟུམ་མའི་ གོ་སྐབས་ཚུ་ བྱིན་པ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།

སློབ་གྲྭའི་དབུ་འཛིན་ ཕུར་པ་བཀྲིས་ཀྱིས་ སླབ་མིའི་ནང་ རིན་ཆེན་དཔལ་སྒྲོན་ལུ་ གློ་བའི་བད་ཀན་ཐོབ་ཡོད་པའི་ ངོས་འཛིན་འབད་ཡོདཔ་བཞིན་དུ་ ནད་གཞི་དེ་ འབུ་ཉེན་ཡོདཔ་ལས་ སྨན་ཁང་ནང་ བཞག་ཅི་ཟེར་ཨིན་རུང་ མོ་ར་སྨན་ཁང་ནང་ བཞག་པའི་སྐབས་ ཆོས་ཚན་བརྒྱ་ཆ་༩༩ དེ་ཅིག་ སློབ་སྟོན་འབད་ཚར་ཡི་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ མོ་ར་ བསམ་སྤྱོད་ལེགས་ཤོམ་ཡོད་པའི་ཁར་ དཔེ་ཆ་རྩ་འགེངས་ལྟ་མི་དང་ སློབ་གྲྭའི་ནང་ སློབ་ཕྲུག་དྲག་ཤོས་ཅིག་ཨིནམ་ལས་ སློབ་གྲྭ་གིས་ ཆོས་རྒྱུགས་རྐྱབ་ནིའི་དོན་ལུ་ ག་དེ་སྦེ་ གྲ་སྒྲིག་ཡོད་ག་ཟེར་ དྲིས་བའི་སྐབས་ མོ་གིས་ གྲ་སྒྲིག་ཡོད་ཟེར་ ཌོག་ཊར་བརྒྱུད་དེ་ ཡི་གུ་ཅིག་ ཐོབ་ཅི་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ མོ་གི་ ནད་གཞི་དེ་ འབུ་ཉེན་ཡོད་མི་ཅིག་ཨིནམ་བཞིན་དུ་ སྨན་ཁང་གིས་ ཉེན་སྲུང་ལྡན་པའི་ ཁང་མིག་ཅིག་ གྲ་སྒྲིག་འབད་ཡོདཔ་ལས་ སློབ་གྲྭའི་སློབ་དཔོན་ཚུ་གིས་ཡང་ བསྐོར་རྒྱབ་ཐོག་ སྨན་ཁང་ནང་ མོ་གི་ ཆོས་རྒྱུགས་ཀྱི་ སྒྲིག་གཡོག་འབད་བར་ འགྱོ་དོ་ཟེར་ཨིནམ་ད་ མོ་གིས་ ཆོས་རྒྱུགས་ག་ར་ སྨན་ཁང་ནང་ལས་ འབྲི་ནི་ཨིན་པས།

ཤེས་རིག་གིས་ སྲིད་བྱུས་ཚུ་དང་འཁྲིལ་ སློབ་གྲྭ་ཁག་ཚུ་གིས་ དེ་བཟུམ་མའི་ གནས་སྟངས་སྐབས་ སློབ་ཕྲུག་ཚུ་ལུ་ ཆོས་རྒྱུགས་རྐྱབ་ནིའི་ གོ་སྐབས་བྱིན་དོ་ཡོདཔ་བཞིན་དུ་ སློབ་གྲྭ་གིས་ཡང་ རིན་ཆེན་དཔལ་སྒྲོན་ལུ་ སྨན་ཁང་ནང་ལས་ ཆོས་རྒྱུགས་རྐྱབ་བཅུག་ནིའི་ གྲོས་ཐག་བཅད་ཅི་ཟེར་ དབུ་འཛིན་ཕུར་པ་བཀྲིས་ཀྱིས་ བཤདཔ་ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

About admin

Check Also

རྩི་རང་གི་ ས་གནས་གཞུང་གི་བཙག་འཐུའི་ནང ཁས་བླངས་གཙོ་བོ་ ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ རྩི་རང་སྟོད་ཀྱི་ ས་གནས་གཞུང་གི་འདེམས་ངོ་སྦེ་ གདམ་འཐུ་གྲུབ་མི་༡༡ ཡོདཔ་བཞིན་དུ་ ག་རང་གིས་ ཆུའི་དཀའ་ངལ་བསལ་ནི་ལུ་ གཙོ་རིམ་བཟུང་ཡོདཔ་མ་ཚད་ ཞིང་ཆུ་ལངམ་སྦེ་ མཁོ་སྤྲོད་འབད་ནི་ཨིན་པས། ཨིན་རུང་ ཚོགས་རྒྱན་བཙུགས་མི་ཚུ་གིས་འབད་བ་ཅིན་ ཧེ་མ་ཡང་ འདེམས་ངོ་ཚུ་ བཙག་འཐུ་གྲུབ་ཞིནམ་ལས་ …

Leave a Reply

Your email address will not be published. Required fields are marked *