ཚན་རིག་བརྟག་དཔྱད་ཁང་ གཞི་བཙུགས་ཀྱི་ ཟད་འགྲོའི་ཚོད་རྩིས་ བཏོན་པའི་བསྒང་ཡོདཔ།

འབྲུག་རྒྱལ་ཁབ་ནང་ ཚན་རིག་བརྟག་དཔྱད་ཁང་ གཞི་བཙུགས་འབད་ནིའི་དོན་ལུ་ ལཱ་འབད་བའི་བསྒང་ཡོདཔ་བཞིན་དུ་ མཐུན་རྐྱེན་དེ་ གཞི་བཙུགས་འབད་ཚར་བའི་བསྒང་ལས་ ད་རེས་བཟུམ་སྦེ་ དཔེ་ཚད་ཚུ་ བསྡུ་ལེན་འབད་དེ་ ཕྱིའི་རྒྱལ་ཁབ་ནང་ གཏང་མི་དགོ་ནི་ཨིན་པས།

དེ་གི་དོན་ལུ་ ད་རེས་ ཁྲིམས་སྲུང་འགག་སྡེ་དང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ དེ་ལས་ གསོ་བའི་ལྷན་ཁག་གིས་ ཟད་འགྲོ་ག་དེམ་ཅིག་ གནས་ནི་ཨིན་ནའི་སྐོར་ལས་ ཚོད་རྩིས་བཏོན་དོ་ཡོདཔ་ཨིན་པས།

གསོ་བའི་ལྷན་ཁག་གི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གིས་འབད་བ་ཅིན་ ཟད་འགྲོ་དངུལ་ཀྲམ་ས་ཡ་༡༠༠ དེ་ཅིག་ དགོཔ་ཡོད་པའི་ ཚོད་རྩིས་བཏོན་ཡོདཔ་ད་ ཁྲིམས་སྲུང་འགག་པའི་ ཁ་ཐུག་ལས་འབད་བ་ཅིན་ ཚན་རིག་བརྟག་དཔྱད་འབད་ནིའི་ ཅ་ཆས་ཚུ་ མཁོ་སྒྲུབ་འབད་ནིའི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༣༥ དེ་ཅིག་ དགོཔ་ཡོད་པའི་ ཚོད་རྩིས་བཏོན་ཡོདཔ་ཨིན་པས།

ཡོངས་བསྡོམས་ཟད་འགྲོའི་ གྲོས་འཆར་དེ་ཡང་ གསོ་བའི་ལྷན་ཁག་གིས་སྦེ་ ལྷན་རྒྱས་གཞུང་ཚོགས་ལུ་ ཕུལ་ནི་ཨིན་རུང་ ད་ལྟོ་ ཁྲིམས་སྲུང་འགག་སྡེ་གིས་ མ་དངུལ་གྱི་ ཚོད་རྩིས་དེ་ གསོ་བའི་ལྷག་ཁག་ལུ་ མ་བཙུགསཔ་ཨིན་པས།

གསོ་བའི་ལྷན་ཁག་གི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ད་ལྟོ་ ཟད་འགྲོའི་གྲོས་འཆར་ཚུ་ བསྡུ་ལེན་འབད་བའི་བསྒང་ཡོདཔ་ད་ ཤུལ་མའི་བདུན་ཕྲག་ནང་ ལྷན་རྒྱས་གཞུང་ཚོགས་ལུ་ ཕུལ་ནི་ཨིན་ཟེར་ཨིན་པས།

དེ་བཟུམ་སྦེ་ ལྷན་ཁག་གིས་ ཚན་རིག་བརྟག་དཔྱད་ཞབས་ཏོག་དང་ མི་སྟོབས་ཀྱི་དོན་ལུ་ཡང་ ལཱ་ཚུ་ འབད་ཚར་ཏེ་ཡོད་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ད་ལྟོའི་གནས་སྟངས་ནང་ གསོ་བའི་ལྷན་ཁག་དང་ ཁྲིམས་སྲུང་འགག་སྡེ་༢ ཀྱི་བར་ན་ ཚན་རིག་བརྟག་དཔྱད་ཀྱི་ ལཱ་གི་འགན་ཁུར་ཚུ་ དབྱེ་བ་ཕྱེ་སྟེ་མེདཔ་ལས་ རེ་ཚེ་སྐབས་ ལས་སྡེ་གཉིས་ཆ་ར་གིས་ ལཱ་ཅོག་འཐདཔ་སྦེ་ འབད་སྡོད་ནུག་ཟེར་ཨིན་པས།

སྤྱི་ཟླ་༧ པའི་ནང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་དང་ ཁྲིམས་སྲུང་འགག་སྡེ་ གསོ་བ་ལྷན་ཁག་ དེ་ལས་ དྲང་ཁྲིམས་ལྷན་སྡེ་ཚུ་གི་བར་ན་ ཞལ་འཛོམས་ཅིག་འཚོགས་ཏེ་ འགན་ཁུར་ཚུ་ དྭངས་གསལ་བཟོ་ཡོདཔ་ཨིན་པས།

ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཅིག་གིས་ བཤད་མིའི་ནང་ ཁོང་གི་དོན་ལུ་ ཚན་རིག་བརྟག་དཔྱད་ཁང་གི་ འཕྲུལ་ཆས་ཚུ་ མཁོ་སྒྲུབ་འབད་ནི་མ་གཏོགས་ མི་སྟོབས་ཀྱི་ཐད་ཁར་ ཧེ་མ་ལས་ སྦྱོང་བརྡར་འབད་མི་ཚུ་ ཡོད་ཟེར་ཨིན་པས།

ཨིན་རུང་ བརྟག་དཔྱད་ཁང་ གཞི་བཙུགས་འབད་བའི་བསྒང་ལས་ ལས་བྱེདཔ་ཚུ་ལུ་ དེང་སང་གི་ འཕྲུལ་ཆས་ལག་ལེན་འཐབ་ཐངས་དང་ བསྐྱར་གསོའི་སྦྱོང་བརྡར་ཅིག་ བྱིན་དགོཔ་འོང་ཟེར་ཨིན་པས།

འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ ལག་རྗེས་བརྟག་དཔྱད་དང་ གློག་རིག་དབྱེ་ཞིབ་ དེ་ལས་ འགྲུལ་འཕྲིན་བརྟག་དཔྱད་ཀྱི་ ཞབས་ཏོག་ཚུ་ གཞི་བཙུགས་འབད་ཚར་ཏེ་ ཡོདཔ་ཨིན་རུང་ ཡོངས་འབྲེལ་དང་འབྲེལ་བའི་ བརྟག་དཔྱད་ཞབས་ཏོག་ཚུ་ རྩ་བརྟན་བཟོ་དགོཔ་ ཡོད་ཟེར་ཨིན་པས།

འགོ་དཔོན་ཚུ་གིས་ བཤད་མིའི་ནང་ མཐུན་རྐྱེན་ཚུ་ གཞི་བཙུགས་འབད་དགོ་མི་དེ་ཡང་ གཙོ་བོ་ར་ རྒྱལ་ཁབ་ནང་ དེ་བཟུམ་མའི་ ཞབས་ཏོག་དགོ་པའི་རྩོད་དོན་ཚུ་ ཡར་སེང་འགྱོ་མི་ལུ་བརྟེན་ཏེ་མེན་པར་ མི་སེར་ལུ་ དྲང་བདེན་འཐོབ་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།

ད་ལྟོའི་གནས་སྟངས་ནང་ ཚན་རིག་བརྟག་དཔྱད་འབད་ནིའི་དོན་ལུ་ དཔེ་ཚད་ཚུ་ ཕྱིའི་རྒྱལ་ཁབ་ཚུ་ནང་ གཏང་དགོཔ་ལས་ དུས་ཡུན་རིངམོ་སྦེ་ འགོར་དོ་ཡོདཔ་ལས་ རྩོད་དོན་ལེ་ཤ་ཅིག་ར་ ཡུན་འགྱངས་ལུས་ཏེ་ ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

སྤོང་ཅུ་ལ་ལུ་ གནམ་གྲུ་ཐང་རྐྱབ་ནི་གི་ འོས་འབབ་མེདཔ་བཟུམ་ཡོདཔ།

༉ མོང་སྒར་སྤོང་ཅུ་ལའི་ ས་ཁོངས་དེ་ ཆུང་ཀུ་ཡོདཔ་ལས་ རྒྱལ་སྤྱིའི་གནམ་གྲུ་ཐང་རྐྱབ་ནིའི་ འོས་འབབ་མེདཔ་བཟུམ་ཅིག་ཡོདཔ་ཨིན་པས། དེ་ཡང་ སྤྱི་ཟླ་༡༡ པའི་ཚེས་༢༦ ལུ་ རྒྱལ་ཡོངས་ཚོགས་འདུ་ནང་ མོང་སྒར་གྱི་འཐུས་མི་ ཀརྨ་ལྷ་མོ་གིས་ གནམ་གྲུ་ཐང་གཞི་བཙུགས་ཀྱི་ འཆར་གཞིའི་ལས་སྣ་དེ་ …

Leave a Reply

Your email address will not be published. Required fields are marked *