ཚད་སྙོམས་མེད་པའི་ ནང་འཁོད་ཐོན་སྐྱེད་གནས་གོང་།

༉ ད་རེས་ནངས་པར་ རྒྱལ་ཁབ་ཀྱི་གནས་སྟངས་དེ་ དུས་ཚོད་ག་ཅི་བཟུམ་ཅིག་ནང་ ལྷོད་ཡོདཔ་ཨིན་ན་དང་ ད་ལས་ཕར་ ག་ཅི་ར་འབད་དགོཔ་ཨིན་ན་དེ་ འབྲེལ་ཡོད་མང་ཤོས་ཅིག་གིས་ ཧ་གོ་དང་ གོ་བཞིན་པ་ཡོད་རུང་ དེ་གི་ གདོང་ལེན་ཚུ་ ག་ཅི་ར་འབྱུང་འོང་ག་ དྲན་ཤེས་བཏོན་དགོཔ་དེ་ཡང་ ཁག་ཆེ་ནི་ཨིན་མས།

ག་འཆརཔ་ཟེར་བ་ཅིན་ རྒྱལ་ཁབ་ནང་ ནང་འདྲེན་གྱི་ ལམ་ལུགས་དེ་ རྒྱ་ཆེ་དྲག་སྦེ་ར་ མར་བབས་སོང་བའི་ཁར་ ནང་འཁོད་ཀྱི་ཐོན་སྐྱེད་ཚུ་ གོང་ཚད་ཧ་ལས་སི་སི་སྦེ་ ཡར་སེང་འབད་བའི་བསྒང་ལས་ རྡོ་གཉིས་ཀྱི་བར་ནའི་ཀེ་བ་དེ་ ག་དང་ག་གིས་ གདོང་ལེན་འབད་དོ་ཡོདཔ་ཨིན་ན་ ཧ་གོ་དགོཔ་འདུག།

གལ་སྲིད་ འདི་བཟུམ་གྱི་གནས་སྟངས་དེ་ ལེགས་བསྒྱུར་མ་འགྱོ་བར་ ཡུན་རིངམོ་སྦེ་ར་སྡོད་པ་ཅིན་  རྒྱལ་ཁབ་ཀྱི་གནས་སྟངས་དེ་ ག་ཅི་བཟུམ་ཅིག་ལུ་ ཐུག་ནི་ཨིན་ན་ ངོས་འཛིན་འབད་དགོ་པའི་ཁར་ དམིགས་བསལ་དུ་ རྒྱལ་ས་ལྟེ་བའི་ནང་ སྡོད་མི་ཚུ་ལུ་ འཕེལ་ཚད་འབོར་ཆེ་ཏོག་ཏོ་སྦེ་ ཡར་འཕར་སོང་མི་གིས་ བརྡབ་གསིག་འབྱུང་དང་ འབྱུང་བཞིན་དུ་འདུག།

རྒྱལ་ཁབ་ནང་ སྤྱིར་བཏང་ཞི་གཡོགཔ་ ཁྲི་ཕྲག་ལས་བཅད་དེ་ ཡོད་མི་ཚུ་གི་གྲས་ལས་ བརྒྱ་ཆ་ལས་བཅད་པ་ཅིན་ བརྒྱ་ཆ་༨༠ དེ་ཅིག་ ལྟེ་བ་ལུ་ ཕྱག་ཞུ་མི་ཚུ་ཨིནམ་ལས་ རྒྱལ་ཁབ་ཀྱི་འགྱུར་བ་ ག་ཅི་ར་འབད་དགོ་རུང་ ཁོང་གི་ ལག་ལེན་དྲན་བདེན་བསྟར་སྤྱོད་ལས་ལྷག་པའི་ ཐབས་ལམ་གཞན་མེདཔ་ཨིནམ་ ཧ་གོ་དགོ།

ཞིང་དཀར་ཞིང་ན་ཞིང་རྒྱ་ཆེ་རུང་། །ཐུག་ས་རང་འཐག་རྩ་བར། །ཟེར་ སླབ་སྲོལ་ཡོད་དོ་བཟུམ་སྦེ་ ཞི་གཡོགཔ་ཚུ་གིས་ གལ་སྲིད་ དྲང་སྤྱོད་ཀྱི་ཐོག་ལུ་ ཕྱག་ལཱ་མ་གནང་པ་ཅིན་ དེ་གིས་ མཐའན་མཇུག་ཁར་ གྱོང་རྒུད་དེ་ འབྲུག་མི་ཡོངས་ལུ་ར་ ཕོག་ནི་མ་གཏོགས་ གཞུང་དང་ འབྲེལ་ཡོད་དག་པ་ཅིག་གི་ འཁྲི་གན་མེན།

རྒྱལ་ཁབ་ཀྱི་ ཟ་ཆས་ དཔེར་ན་ ཤ་ མར་ དར་ཚིལ་ སྒོང་རྡོག་ ཚོད་བསྲེ་ལ་སོགས་པ་ཚུ་ ཕྱི་རྒྱལ་ལས་ ནང་འདྲེན་འབད་ནི་མེདཔ་ཨིནམ་ ཧ་གོ་ཞིནམ་ལས་ སོ་ནམ་པ་དང་ ཚོང་འབྲེལ་འཐབ་མི་ཚུ་གིས་ ཕུགས་ཀྱི་མནོ་བསམ་མ་བཏང་པར་ གོ་སྐབས་ལེན་ཏེ་ ཚད་ལས་བརྒལ་བའི་ གོང་ཚད་སླབ་འདྲཝ་འབད་བ་ཅིན་ ཟ་ཆས་ཀྱི་རིགས་སྤྱོད་མི་མང་ཤོས་ར་ གཞུང་ལྟེ་བ་ལུ་ ཞི་གཡོགཔ་ཚུ་འབད་ནི་དེ་གིས་ ཟླ་རིམ་འོང་འབབ་ཀྱིས་ ནང་འཁོད་འཚོ་བའི་ཟད་འགྲོ་ ལང་མ་ཚུགས་པའི་བསྒང་ལས་ གཞུང་དངུལ་ལོག་སྤྱོད་འབད་ནི་དང་ ངན་ལྷད་ཀྱི་ བྱ་རིམ་བསྒྲིག་ནི་ལ་སོགས་པའི་ འཆར་གཞི་ཚུ་ རང་བཞིན་གྱིས་ བརྩམ་འགྱོ་འོང་།

འདི་བཟུམ་གྱི་ བྱ་ལས་ངན་པ་དེ་ རྒྱལ་ཁབ་ལུ་ ཤ་མ་ཚ་བར་ མནོ་བཞིན་བསམ་བཞིན་དུ་ འབདཝ་མིན་པར་ གཙང་ཆུ་གིས་འབག་མི་མི་ལུ་ ལགཔ་ག་བཤེད་མེད་ཟེར་བའི་ ལོ་རྒྱུས་བཟུམ་སྦེ་ འབྱུང་ཁུངས་འོང་འབབ་ཀྱིས་ ཟླ་རིམ་གྱི་ ཟད་འགྲོ་ལང་མ་ཚུགས་མི་ལུ་བརྟེན་ འབད་སྲིད་ནི་མས།

ལཱ་ཤུལ་ངན་པའི་གྱོས་ངན་བརྩམ་མི་ཚུ་ མཁས་རིག་ཅན་ཚུ་གིས་ ཞིབ་རྟོག་མཐིལ་ཕྱིན་འབད་བ་ཅིན་ བརྒྱ་ཆ་༢༠ མ་གཏོགས་པའི་ ལྷག་ལུས་ཚུ་ རང་འཚོ་རང་ལྡང་གི་ དཀའ་ངལ་ལུ་བརྟེན་ཨིན་པའི་ བརྡ་མཚོན་གསལ་སྟོན་འབྱུང་ནི་ཨིན་མས།

དེ་འབདཝ་ལས་ ནང་འཁོད་ཐོན་སྐྱེད་ལུ་ ཚད་སྙོམས་ལྡན་པའི་གནས་གོང་གི་ ལམ་ལུགས་དང་ སྒྲིག་གཞི་ ལྟ་རྟོག་ཚུ་མེད་པར་ རང་གར་མའི་ཐོག་ལུ་ འབྱོགཔ་དགའ་བའི་གྲོས་གར་ ཡུན་རིང་སྦེ་ར་ འཁྱམས་ཏེ་བཞག་པ་ཅིན་ ངན་ལྷད་ཟེར་བའི་ གྱོས་ངན་དེ་ཡང་ མ་བརྩམ་རང་བརྩམ་བཟུམ་ཅིག་ལུ་ འགྱུར་ནི་བཟུམ་འདུག།

ད་ལྟོ་ ནང་འཁོད་ཀྱི་ཐོན་སྐྱེད་ཚུ་ རང་གར་མའི་ཐོག་བཞག་སྟེ་ རྗེས་དཔྱད་མ་འབད་བར་ ཡུན་རིང་ལུས་པ་ཅིན་ རྒྱལ་ཁབ་ཀྱི་ འཕེལ་ཚད་དེ་ ད་ལྟོའི་གནས་སྟངས་ནང་ ལོ་བཅུ་ཕྲག་གི་ རྩིས་བཀོད་འབད་རུང་ བརྒྱ་ཆ་ལས་༡༧༠ དེ་ཅིག་ ཡར་སེང་སོང་བའི་ཁར་ ལོ་ངོ་དག་པ་ཅིག་གི་རྒྱབ་ལས་ སྟོབས་ཤུགས་ཅན་གྱི་ རྒྱལ་ཁབ་ཚུ་ནང་བཟུམ་སྦེ་ ཁྱད་པར་སྦོམ་ར་ ཞུགས་སྲིད་ནི་ཨིནམ་ལས་ ཐབས་ཤེས་སྒྲིག་ནི་དེ་ ག་ལུ་ཕོག་པའི་ འཁྲི་གན་ཨིན་ན་ ཞིབ་བརྟག་འབད་དགོཔ་ཁག་ཆེ་ནི་མས།

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *