ཚད་ནད་གདུག་ཅན་ ཌེང་གི་ལུ་ དྲནམ་བཏོན་དགོཔ།

༉ འདས་པའི་ཟླཝ་༢ ཀྱི་རིང་ལུ་ རྒྱལ་ཁབ་ནང་འཁོད་ལུ་ ཚ་བ་དྲོད་འབར་གྱི་ ནད་གཞི་གདུག་ཅན་ཅིག་ཨིན་མི་ ཌེང་གི་ཐོབ་མི་བསྡོམས་ མི་གྲངས་༧,༦༦༤ ལུ་ ལྷོད་མི་དེ་ ང་བཅས་ག་ར་ ཚ་གྱང་ལང་དགོཔ་ཅིག་ཨིན་མས།
ག་འཆརཔ་ཟེར་བ་ཅིན་ བུམ་ཐང་དང་ ལྷུན་རྩེ་རྫོང་ཁག་༢ ནང་མ་གཏོགས་ རྫོང་ཁག་༡༨ ནང་ དར་ཁྱབ་སོང་པའི་ཁར་ ད་ཚུན་གྱི་བར་ན་ ཌེང་གི་ནད་གཞི་ལུ་བརྟེན་ མི་༤ ལུ་ ཤི་རྐྱེན་བྱུང་ཡོདཔ་ལས་ མི་སེར་ཚུ་ སྤྱགས་སྡུག་འཐབ་དགོཔ་དང་ ཚ་གྱང་ལང་དགོ་པའི་ གཞི་ཁུངས་སྦོམ་འདུག།
ནད་གཞི་ཐོབ་མི་ རྫོང་ཁག་ཚུ་གི་གྲས་ལས་ ཆུ་ཁ་རྫོང་ཁག་ནང་ མི་༡,༥༡༣ འབདཝ་ད་ ནདཔ་བརྒྱ་ཆ་༨༧ ཡོད་མི་དེ་ མཐོ་ཤོས་ཅིག་ཨིན་པའི་ཁར་ ནད་གཞི་ཐོན་པའི་ སྙན་ཞུ་དེ་ཡང་ འགོ་དང་པ་ར་ ཕུན་ཚོགས་གླིང་ལས་ ལྷོད་ཡོདཔ་མ་ཚད་ ཚད་ནད་ཌིང་གི་དེ་ཡང་ ཕུན་ཚོགས་གླིང་ཁྲོམ་སྡེ་ལས་ རྫོང་ཁག་གཞན་༡༧ ནང་ ཁྱབ་སྤེལ་སོང་ཡོད་པའི་ དོགས་པ་འདུག།
ཕུན་ཚོགས་གླིང་དེ་ རྒྱ་འབྲུག་གི་ ས་མཚམས་ཁྲོམ་སྡེ་ཅིག་ཨིནམ་མ་ཚད་ ས་མཚམས་སྒོ་ཡངས་དྲགས་ཡོད་མི་ལས་ ཉིན་བསྟར་བཞིན་དུ་ ཕྱི་མི་སྟོང་ཕྲག་ལས་བཅད་དེ་ རྒྱལ་ཁབ་ནང་ན་ འོངམ་མ་ཚད་ ས་མཚམས་ཀྱི་ཕྱི་ཁར་ མི་རློབས་མངམ་དང་སྡོད་སའི་ས་ཁོངས་ཚུ་ གཙང་སྦྲ་དང་ལྡནམ་མེདཔ་ལས་ གཟན་དོམ་དང་འབྲེལ་བའི་ ནད་གཞི་འབུ་མི་དེ་ཡང་ རྒྱུ་མཚན་དེ་ལུ་བརྟེན་འོང་ནི་མས།
ཌེང་གི་ནད་གཞི་ཐོབ་པ་ཅིན་ མི་གི་ཚེ་སྲོག་ལུ་ གནོད་ཉེན་ཡོདཔ་ཨིན་ན? ནད་གཞི་ལས་ བཀག་ཐབས་འབད་ནིའི་ ཐབས་ལམ་ཚུ་ཡོདཔ་ཨིན་ན?
ཚད་ནད་ཐོབ་ཤེས་བཞིན་དུ་ དེ་འཕྲོ་ལས་ སྨན་བཅོས་མ་འབད་བ་ཅིན་ ཤི་རྐྱེན་འབྱུང་ནིའི་ ཉེན་ཁ་སྦོམ་ཡོདཔ་ད་ འདས་པའི་ཟླཝ་༢ ཀྱི་ནང་འཁོད་ལུ་ ཌེང་གི་ནད་གཞི་ཐོབ་མི་ ནདཔ་༤ ལུ་ ཤི་རྐྱེན་བྱུང་ནུག།
གཟན་དོམ་ལྷམ་པ་མ་འདྲཝ་༤ ཡོད་མི་ལས་ གདུག་ཅན་ནད་གཞི་སྤེལ་མི་ གཟན་དོམ་མོ་༢ ཡོདཔ་བཞིན་དུ་ གཟན་དོམ་སྦོམ་སུ་འབད་མི་ མོ་ཚུ་གིས་ སོ་བཏབ་པ་ཅིན་ ཌེང་གི་ནད་གཞིའི་ རྟགས་མཚན་ཡང་ དུས་ཡུན་ཆུ་ཚོད་༢༤ དང་ ཡང་ཅིན་ ཉིནམ་༣ དང་༡༤ གི་བར་ན་ དྲོད་འབར་ནི་ གྱང་ཤུགས་རྐྱབ་ནི་ མགུ་ཏོ་ན་ནི་ དེ་ལས་ མིག་ཏོ་གི་རྒྱབ་ལས་ ན་ནི་དང་ རྐང་ཚིགས་ལག་ཚིགས་ཚུ་ན་ནི་ གཟུགས་པགས་གུ་ རྨ་ཆུང་ཀུ་རེ་ཐོནམ་ཨིན་མས།
དེ་བཟུམ་འབད་བ་ཅིན་ ཉེ་འདབས་ཀྱི་ སྨན་ཁང་ཚུ་ནང་ བརྟག་ཞིབ་འབད་བར་ དེ་འཕྲོ་ལས་ འགྱོ་དགོཔ་སྦེ་ གསོ་བའི་ཁ་ཐུག་ལས་ ཞུ་བསྐུལ་འབདཝ་བཞིན་དུ་ རང་སྡོད་སའི་ མཐའ་འཁོར་གནས་སྟངས་ཡང་ ཧིང་སངས་ས་བཞག་དགོཔ་མ་ཚད་ གཟན་དོམ་སྤེལ་སའི་ས་ཁོངས་ ཆུའི་གཡུར་བ་དང་ ཆུ་རྫིང་ཚུ་ཨིནམ་ལས་ དེ་ཚུ་ སེལ་དགོཔ་བཞིན་དུ་ ཁྱིམ་ནང་ཨིན་པ་ཅིན་ ཞག་ཉལཝ་ད་ སེང་རས་ལག་ལེན་འཐབ་དགོ་པའི་ཁར་ ཕྱི་ཁ་ལས་ཕར་འགྱོཝ་ད་ ཨོ་ཌོ་མོ་ཟེར་མི་ སྨན་དབུར་བ་ཅིན་ གཟན་དོམ་ཚུ་གིས་ སོ་བཏབ་མི་ཚུགས་ནི་དང་ ཌེང་གི་ནད་གཞི་ཡང་ མི་ཐོབ་ཟེར་ གསོ་བའི་མཁས་མཆོག་ཚུ་གིས་ བཤདཔ་ཨིན་མས།
འདི་དང་གཅིག་ཁར་ མི་མང་གིས་ གསོ་བའི་ཁ་ཐུག་ལས་ ནད་གཞི་དར་ཁྱབ་འགྱོ་ནི་ལས་ ཚད་འཛིན་དང་ བཀག་ཐབས་ལུ་ ཐབས་ལམ་བཏོན་མི་ཚུ་ལུ་ མཉམ་འབྲེལ་འབད་དགོཔ་མ་ཚད་ ཕུན་ཚོགས་གླིང་བཟུམ་མའི་ ས་མཚམས་ཁྲོམ་སྡེ་ཚུ་ནང་ འགྱོ་ནི་དེ་ཡང་ ག་དེ་དྲག་དྲག་ འཛེམ་ཐབས་འབད་བ་ཅིན་ ནད་གཞི་དེ་ རང་བཞིན་གྱིས་ར་བཀག་ཚུགས།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *