༉ སྤྱི་ལོ་༢༠༡༨ ཀྱི་ སྔ་ཆ་ལས་ འབྲུག་གི་དེད་གཡོགཔ་ཚུ་གིས་ ཟམ་མ་འདྲཝ་ཅིག་གི་གུ་ལས་ སྣུམ་འཁོར་གཏང་ཚུགས་ནི་ཨིན་པས།
དེ་ཡང་ ད་ལྟོ་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ ཀྲོང་གསར་སྟངས་སི་སྦྱིས་རྒེད་འོག་ གཟའ་ལམ་ཆུ་གི་ཟམ་དེ་ བསྒྲུབ་ནི་ཨིནམ་ད་ གཟའ་ལམ་ཆུ་དེ་ ཀྲོང་གསར་ལས་ ཐིམ་ཕུག་ཁ་ཐུག་ ཚང་ཁ་ཚེ་རིང་མོ་གྲུབ་ཆུའི་ ཉེ་འདབས་ལུ་ ཡོདཔ་ཨིན་པས།
ཟམ་དེ་ ས་ཆའི་ཆགས་ཚུལ་དང་འཁྲིལ་ བཀུག་སུ་ཅིག་དང་ ཆུའི་རྐ་ཧོངས་ལས་ མཐའམ་ཚུ་ཡང་ ཕྱོགས་གཞན་དང་ཕྱདཔ་ད་ མཐོ་སུ་ཅིག་སྦེ་ བཟོ་སྟེ་འདུག།
ཇ་པཱན་གྱི་ལས་སྡེ་ ཨོ་རིན་ཊཱལ་ རྒྱལ་སྤྱི་གྲོས་སྟོན་འཕྲུལ་རིག་ལས་སྡེའི་ཐོག་ལས་ ཌའི་ནི་པཱོན་བཟོ་སྐྲུན་གྱིས་ བཟོ་དབྱིབས་མ་འདྲཝ་སྦེ་ རྐྱབ་པའི་བསྒང་ཡོད་མི་ ཟམ་དེ་ རྒྱལ་ཁབ་ནང་ འགོ་དང་པ་ཨིན་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
གྲོས་སྟོན་ལས་སྡེའི་ ལས་འགུལ་འཛིན་སྐྱོང་པ་གོངམ་ མ་ས་ཡུ་ཀི་ མི་ཙུ་ཏ་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ཚོད་ ཟམ་ངོ་མ་དེ་ རྐྱབ་ཚར་ཡོདཔ་ལས་ ལཱ་གཞན་བརྒྱ་ཆ་༤༠ དེ་ཅིག་ ལུས་ཡོད་མི་དེ་ཡང་ ཟམ་དང་ ལམ་གཉིས་མཐུད་ནི་དང་ ཚུར་ཧོངས་མའི་ ཟམ་ཉེ་འདབས་ཀྱི་ འཁོར་ལམ་བདའ་སྟེ་ ཉེན་སྲུང་གི་ གྱང་རྩིག་མི་ཊར་༡༠༠ དེ་ཅིག་ རྐྱབ་དགོཔ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་ལྟོ་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ ཟམ་གསུམ་གྱི་གྲས་ལས་ དབང་འདུས་ཕོ་བྲང་རྫོང་ཁག་ནང་ ནི་ཀ་ཆུ་ཟམ་དང་ ཆུ་འཛོམས་ས་ཟམ་གཉིས་དང་ཕྱདཔ་ད་ གཟའ་ལམ་ཆུ་ཟམ་དེ་ར་ བཀུག་སུ་ཅིག་སྦེ་ཡོད་ཟེར་ཨིན་པས།
སྤྱི་ཟླ་༥ པའི་ཚེས་༢༥ ལུ་ ཟབ་རྐྱབ་སའི་ ས་ཁོངས་ནང་ ལྟ་སྐོར་འབད་མི་ ཇ་པཱན་རྒྱལ་སྤྱི་མཉམ་འབྲེལ་ལས་སྡེ་ ཇའི་ཀའི་གནས་བཞུགས་གཙོ་འཛིན་ ཀོ་ཇི་ ཡ་མ་ད་གིས་ སླབ་མིའི་ནང་ ཟམ་དེ་གི་ འཕྲུལ་རིག་ལུ་བརྟེན་ ཐིམ་ཕུག་ལས་ ཀྲོང་གསར་ཁ་ཐུག་འགྱོ་མི་ སྣུམ་འཁོར་ཚུ་ ཟམ་དེ་ཁར་ལྷོདཔ་ད་ ཟམ་གཞན་ཁར་བཟུམ་སྦེ་ ཤུགས་ཚད་ཕབ་མི་དགོ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཟམ་དེ་གི་ བཟོ་བཀོད་དེ་ ཇ་པཱན་ལུ་ཡང་ གངམ་མེད་པའི་ཁར་ འཛམ་གླིང་ནང་ཡང་ དཀོན་སུ་ཅིག་འབདཝ་ལས་ འབྲུག་དང་ ཕྱིའི་རྒྱལ་ཁབ་ཀྱི་དོན་ལུ་ དཔྱེ་སྟོན་བཟུམ་ཅིག་སྦེ་ཡང་ བཞག་བཏུབ་ཟེར་ཨིནམ་ད་ ཟམ་དེ་གི་རྒྱ་ཚད་ མི་ཊཪ་༧ དང་ རིང་ཚད་མི་ཊར་༤༦.༥ ཡོདཔ་ཨིན་པས།
ཀྲོང་གསར་ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་འགོ་དཔོན་གཙོ་འཛིན་ ལྟའུ་རྒྱས་ཆོས་གྲུབ་ཀྱིས་ བཤད་མིའི་ནང་ ད་ལྟོ་ཡོད་མི་ གཟའ་ལམ་ཆུ་གི་ཟམ་དེ་ སྤྱི་ལོ་༡༩༨༢ ལུ་ བཟོ་སྐྲུན་འབད་ཡོདཔ་ལས་ ཟམ་དེ་ལུ་ ལྗིད་ཚད་འབག་ནི་གི་ནུས་ཚད་ མེ་ཊིག་ཊཱོན་༤༠ མ་གཏོགས་མེད་ཟེར་ཨིན་པས།
དེ་འབདཝ་ལས་ ད་རེས་ནངས་པར་ མང་སྡེ་ཆུ་ གློག་མེ་ལས་འགུལ་གྱི་ ཅ་ཆས་སྦོམ་ཚུ་ སྐྱེལ་འདྲེན་འབད་ནིའི་དོན་ལུ་ ཟམ་དེ་ལུ་ ཏོག་རྐྱབ་ཐོག་ལས་ བཟོ་བཅོས་འབད་དེ་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
གོང་གི་ཟམ་༣ རྐྱབ་ནིའི་དོན་ལུ་ ཇ་པཱན་གཞུང་གིས་ དངུལ་ཀྲམ་ས་ཡ་༩༧༨ གྲོགས་རམ་བྱིན་ཡོདཔ་ད་ ལས་འགུལ་ཚུ་ སྤྱི་ལོ་༢༠༡༥ ཟླ་༡༢ པའི་ནང་ལས་ འགོ་བཙུགས་ཡོདཔ་ལས་ སྤྱི་ལོ་༢༠༡༨ ཟླ་༦ པའི་ནང་ མཇུག་བསྡུ་ནི་གི་ ལས་འཆར་ཨིན་པས།
ད་རུང་ ཇ་པཱན་གཞུང་གིས་ ཀྲོང་གསར་དང་ དགེ་ལེགས་ཕུག་གི་བར་ན་ཡང་ ཟམ་༤ རྐྱབ་ནིའི་ འཆར་གཞི་ཡོདཔ་ད་ ད་ཚུན་གྱི་བར་ན་ རྒྱལ་ཁབ་ནང་ ཟམ་༡༩ རྐྱབ་ཡོད་པའི་གནས་ཚུལ།
ཀྲོང་གསར་ལས་ ཉི་མ་དབང་འདུས།