ཚ་རིམས་ཐོབ་མི་ག་ར་ བརྟག་དཔྱད་འབད་བར་འགྱོ་དགོ་པའི་ཞུ་བསྐུལ།

ཁ་ཙ་ གསོ་བ་བློན་པོ་ བདེ་ཆེན་དབང་མོ་གིས་ ཚ་རིམས་ཐོབ་ཡོད་མི་ འབྲུག་མི་ག་ར་ བརྟག་དཔྱད་འབད་བར་ ཚ་རིམས་སྨན་བཅོས་ཁང་ཚུ་ནང་འགྱོ་དགོཔ་ ཁག་ཆེ་ཟེར་  རྒྱང་མཐོང་ནང་ ཞུ་བསྐུལ་འབད་ཡི།

བློན་པོ་གིས་འབད་བ་ཅིན་ བརྒྱུད་འཕྲིན་ཐོག་ལས་ འབྲེལ་བ་འཐབ་པའི་སྐབས་ མི་མང་ཤོས་ཅིག་ལུ་ ཚ་རིམས་ལུ་བརྟེན་ ལྷ་པ་ནང་ལས་ ལྷཔ་ཆུ་ཐོན་ ལྐོདམ་ན་ དྲོད་འབར་རྐྱབ་ རྐང་ཚིག་།ས་ལག་ཚིགས་ན་རུང་ སྨན་ཁང་ནང་ བརྟག་དཔྱད་འབད་བར་ མ་འགྱོ་མི་དེ་ ཨ་རྟག་གི་ ཚ་རིམས་ཨིནམ་སྦེ་ སྡོད་ནུག་ཟེར་ཨིན་པས།

ད་རེས་ འབྲུག་གི་མི་སྡེ་ནང་ལས་ ཀོ་བིཌ་-༡༩ ཐོན་ཡོདཔ་བཞིན་དུ་ ནད་ཡམས་དེ་གི་ ན་ཐངས་ཡང་ ཚ་རིམས་བཟུམ་སྦེ་ ལྷ་པ་ལས་ཆུ་ཐོན་ ལྐོདམ་ཚ་ དྲོད་འབར་ནི་ རྐང་ཚིགས་ལག་ཚིགས་ན་དོ་ཡོདཔ་ལས་ ག་འབད་རུང་ ཚ་རིམས་ཀྱི་ སྨན་ཁང་ཚུ་ནང་ བརྟག་དཔྱད་འབད་བར་ ངེས་པར་དུ་ འགྱོ་དགོཔ་མ་ཚད་ རྫོང་ཁག་༢༠ གི་ ས་གནས་ཐདམ་ཐད་ཁ་ལས་ཕར་ ཚ་རིམས་སྨན་བཅོས་ཁང་ གཞི་བཙུགས་འབད་དེ་ཡོདཔ་ལས་ ཞབས་ཏོག་སྤྱོད་གནང་ཟེར་ གསོ་བ་བློན་པོ་གིས་ ཞུ་བ་འབད་ཡི།

བློན་པོ་གིས་འབད་བ་ཅིན་ ཚ་རིམས་བཏབ་མི་དེ་ ཀོ་རོ་ན་བའེ་རཱསི་ནད་འབུབ་ཨིན་པ་ཅིན་ མི་གཞན་དང་ ཕམ་སྤུན་ཆ་ གཉེན་ཉེཝ་ཚུ་ལུ་ སྤེལ་ནི་གི་ ཉེན་ཁ་ཡོདཔ་ལས་ བསྐྱལ་ས་བསྐྱལ་ནི་མས་ཟེར་ ཚ་གྱང་ལང་སྟེ་ བརྟག་དཔྱད་འབད་བར་ འགྱོ་དགོ་ཟེར་ཨིན་པས།

ད་ལྟོ་ཚུན་ ཚ་རིམས་སྨན་བཅོས་ཁང་ནང་ མི་ཚུ་གིས་ ངོས་ལེན་ག་དེ་སྦེ་ འབད་དོ་ག་ ཞིབ་འཚོལ་འབདཝ་ད་ སྨན་ཁང་ནང་འོང་མི་ མར་བབས་སོང་ཡོད་རུང་ ཚ་རིམས་ཀྱིས་ན་མི་ ལེ་ཤ་ཐོན་ཡོདཔ་ ཤེས་རྟོགས་བྱུང་ཡི་ཟེར་ བློན་པོ་གིས་ བཤད་ཅི།

ཐིམ་ཕུག་ཁྲོམ་གྱི་དོན་ལུ་ ཚ་རིམས་སྨན་བཅོས་ཞབས་ཏོག་དེ་ ཁྲིམས་སྲུང་འགག་སྡེའི་ ཕུཊ་བཱོལ་རྩེད་ཐང་ནང་ལས་ བྱིན་ཡོདཔ་ཨིན་རུང་ བྱང་ཁ་ཐུག་ལུ་ ཉི་མ་འབྲིང་རིམ་སློབ་གྲྭ་གོང་མ་དང་ ལྕང་རིག་འཕེལ་སློབ་གྲྭ་ཆུང་བའི་ ས་ཁོངས་ནང་ གཞི་བཙུགས་འབད་མི་ཚུ་ནང་ ད་རིས་དྲོ་པ་ལས་ ཞབས་ཏོག་ཚུ་ འཐོབ་ཚུགས་ནི་དང་ ད་རུང་ གནས་སྐབས་ཅིག་གི་དོན་ལུ་ ཚ་རིམས་སྨན་བཅོས་ཁང་༢ གཞི་བཙུགས་འབད་ནིའི་ ལས་རིམ་ཡོད་ཟེར་ཨིན་པས།

ཐིམ་ཁྲོམ་ནང་ མི་རྒན་རྒས་སྟོང་ཕྲག་༥ ལྷགཔ་ཅིག་ཡོདཔ་མ་ཚད་ མི་༣,༠༠༠ ལྷགཔ་ཅིག་ལུ་ ནད་གཞི་ཁྲག་ཤུགས་དང་ ཀེན་སར་ མཁལ་རྡོག་ གུ་རམ་ནད་གཞི་ཐོབ་མི་ཡོདཔ་བཞིན་དུ་ ཀོ་བིཌ་-༡༩ གིས་ རྒན་རྒས་དང་ ནད་གཞི་ཡོད་མི་ཚུ་ལུ་ མང་སུ་སྦེ་ གནོད་སྐྱོན་རྐྱབ་དོ་ཡོདཔ་ལས་ ཉེན་ཁ་ཆེ་མི་ལུ་བརྟེན་ ཚ་རིམས་རེ་ཐོབ་ད་ དེ་འཕྲོ་ལས་ བརྟག་དཔྱད་འབད་བར་ ཚ་རིམས་སྨན་ཁང་ཚུ་ནང་ འགྱོ་དགོ་ཟེར་ བློན་པོ་བདེ་ཆེན་དབང་མོ་གིས་ དྲན་གསོ་འབད་ཡི།

གཙོ་བསྟེན་སྨན་ཁང་གི་ཞབས་ཏོག།

འཇིགས་མེད་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་འདི་ རྒྱལ་ས་ལྟེ་བ་ཐིམ་ཕུག་ལུ་ཨིན་པའི་ཁར་ མི་སྡེ་ལས་ ཀོ་བིཌ་-༡༩ ཐོན་ནི་དེ་གིས་ སྨན་ཁང་གི་ ཞབས་ཏོག་ཚུ་ སྒོ་བསྡམ་འོང་ཟེར་ ཚ་གྱང་ལང་མི་ཡོདཔ་ལས་ འདི་མི་བདེན་ཟེར་ གསོ་བ་བློན་པོ་གིས་ བཤད་པའི་ཁར་ གལ་སྲིད་ མི་སེར་ཚུ་ ན་ནི་དང་ ཚ་ནི་རེ་ འབྱུང་པ་ཅིན་ སྨན་ཁང་དེ་ནང་ལས་ གསོ་བའི་ཞབས་ཏོག་ཚུ་ ཨ་རྟག་ག་ཨིནམ་སྦེ་ ཕུལ་འོང་ཟེར་ བཤད་ཅི།

དེ་མ་ཚད་ བརྡ་བརྒྱུད་ཐོག་ལས་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ འགོ་དཔོན་དང་ མཁས་མཆོག་ ཌོག་ཊར་ཚུ་དང་ འབྲེལ་བ་འཐབ་ནིའི་དོན་ལུ་ བརྒྱུད་འཕྲིན་ཨང་གྲངས་ཚུ་ བྱིན་མི་ཚུ་དང་ འབྲེལ་བ་འཐབ་ཞིནམ་ལས་ ནད་གཞི་དང་འཁྲིལ་ སྨན་ཁང་ནང་ འོང་ཆོགཔ་མ་ཚད་ ཨ་ལོ་སྨན་ཁབ་བཙུགས་ནི་དང་ ཨ་ལོ་སྐྱེ་ནི་ཡོད་མི་ ཨམ་སྲུ་ཚུ་གི་ སྨན་བཅོས་ཚུ་ཡང་ འབད་དེ་ར་སྡོད་འོང་ཟེར་ཨིན་པས།

མི་མང་བརྟག་དཔྱད།

ཐིམ་ཕུག་ཁྲོམ་ནང་ སྡོད་མི་ག་ར་ བརྟག་དཔྱད་འབད་ནིའི་དོན་ལུ་ འཆར་གཞི་བརྩམས་ཡོད་པའི་ཁར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཀའ་སློབ་གནང་སྟེ་ཡོདཔ་བཞིན་དུ་ ཉེན་ཁ་ཅན་གྱི་ མི་ངོམ་ག་དང་ག་ར་ཨིན་ན་དང་ བརྟག་དཔྱད་འབད་ནིའི་ ལས་རིམ་བརྩམས་ཏེ་ཡོད་ཟེར་ གསོ་བ་བློན་པོ་གིས་ བཤད་ཅི།

ཕུན་ཚོགས་གླིང་ཁྲོམ་ནང་ མི་ག་ར་ལུ་ བརྟག་དཔྱད་འབད་དོ་བཟུམ་སྦེ་ ཐིམ་ཁྲོམ་ནང་ཡང་ བརྟག་དཔྱད་འབད་འོང་ག་ཟེར་ བརྡ་བརྒྱུད་ལས་ཁང་ལས་ དྲི་བཀོད་འབད་མིའི་ལན་ལུ་ གསོ་བ་བློན་པོ་གིས་ ཐིམ་ཁྲོམ་ནང་ཡང་ བརྟག་དཔྱད་འབད་འོང་ཟེར་ བཤདཔ་ཨིན་རུང་ བརྟག་དཔྱད་ག་དེ་སྦེ་ འབད་འོང་ག་ ས་ཁོངས་ངོས་འཛིན་སྡེ་ཚན་དང་ གསོ་བ་ལྷན་ཁག་གི་ འགོ་དཔོན་ཚུ་གིས་ ད་ལྟོ་ འཆར་གཞི་ཚུ་ བརྩམ་པའི་བསྒང་ཡོད་ཟེར་བཤད་ཅི།

སྡེ་ཚན་གྱིས་ འཆར་གཞི་བཟོ་ཚར་བའི་ཤུལ་ལས་ ས་གོ་ག་ཏེ་ལས་ འགོ་བཙུགས་ནི་ཨིན་ན་ ག་དེ་སྦེ་ འགོ་བཙུགས་ནི་ཨིན་ན་ མི་མང་ལུ་ གསལ་བསྒྲགས་འབད་འོང་ཟེར་ཨིན་པས།

བརྟག་དཔྱད་ལས་རིམ་དེ་ ཉེན་ཁ་ཅན་གྱི་ མི་ངོ་ག་དང་ ག་ཨིན་ན་ ངོས་འཛིན་འབད་ཞིནམ་ལས་ འགོ་འདྲེན་འཐབ་ནི་ཨིནམ་ད་ དེ་ཡང་ དཔེར་ན་ མི་མང་ཤོས་ཅིག་དང་གཅིག་ཁར་ འབྲེལ་བ་འཐབ་མི་དེ་ གླ་འཁོར་དེད་གཡོགཔ་དང་ བཱསི་གི་དེད་གཡོགཔ་ཚུ་ དམིགས་བསལ་སྦེ་ བརྟག་དཔྱད་འབད་ནི་ཨིན་རུང་ ས་གོ་ག་ཏེ་ལུ་ རྐྱབ་ནི་ཨིན་ན་ ཁ་གསལ་སྦེ་ ད་རིས་ སླབ་འོང་ཟེར་ གསོ་བ་བློན་པོ་གིས་ བཤད་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *