ཚ་ཚི་སློབ་གྲྭ་ཆུང་བའི་ སློབ་ཕྲུག་ཚུ་གིས་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་བའི་བསྒང་།

ཚ་ཚི་སློབ་གྲྭ་ཆུང་བའི་ སློབ་ཕྲུག་ཚུ་གིས་ མི་སྡེའི་གཙང་སྦྲ་དོན་ལུ་ ཕྱགས་སྙིགས་བསྡུ་བསྒྱོམ།

༉ པདྨ་དགའ་ཚལ་ ཚ་ཚི་སློབ་གྲྭ་ཆུང་བའི་ སློབ་ཕྲུག་ཚུ་གིས་ བདུན་ཕྲག་ངལ་གསོའི་སྐབས་ སློབ་གྲྭའི་མཐའ་འཁོར་དང་ ཉེ་འདབས་ཀྱི་ གཡུས་སྒོ་ཚུ་ནང་སོང་སྟེ་ རུལ་མ་བཏུབ་པའི་ཕྱགས་སྙིགས་ཚུ་ བསྡུ་བསྒྱོམ་འབད་དོ་ཡོདཔ་ཨིན་པས།སློབ་གྲྭ་དེ་ནང་ རང་བཞིན་གནས་སྟངས་སྡེ་ཚན་ཟེར་ སློབ་རིམ་༥ པ་དང་༦ པའི་ སློབ་ཕྲུག་འཐུས་མི་༡༣ ཡོདཔ་ད་ ཁོང་གིས་ རུལ་བཏུབ་དང་མ་བཏུབ་པའི་ ཕྱགས་སྙིགས་ཚུ་ ཕྱིར་སེལ་རྐྱབ་དོ་ཡོདཔ་ཨིན་པས།སློབ་གྲྭ་དེ་ནང་ སློབ་ཕྲུག་མང་ཤོས་ཅིག་གིས་ ཨི་བ་ཟེར་མི་ ཀྲེབ་ཀྲེམ་ཚུ་ ལག་ལེན་འཐབ་པའི་ཤུལ་ལས་ ཕྱགས་སྙིགས་ཀྱི་ལྷོད་ནང་ བཀོག་བཞག་མི་དང་ དམ་སྦྱིས་ དེ་ལས་ ཆུ་ཤོག་ལ་སོགས་པའི་ རུལ་མ་བཏུབ་པའི་ ཕྱགས་སྙིགས་ཚུ་ བསྡུ་བསྒྱོམ་འབད་དེ་ སློབ་གྲྭ་ནང་ མཛེས་ཆས་ཀྱི་རིགས་ མེ་ཏོག་གི་ཧོད་དང་ ར་བ་ དེ་ལས་ འཕྱག་རས་ཧོད་ལ་སོགས་པ་ཚུ་ བཟོ་དོ་ཡོདཔ་ཨིན་པས།སློབ་གྲྭ་དང་ མི་སྡེ་ནང་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་ནིའི་ ལས་རིམ་དེ་ཡང་ ན་ཧིང་ ལོ་ཕྱེད་ལས་ སློབ་གྲྭའི་སློབ་དཔོན་ ཚེ་རིང་དཔལམོ་གིས་ སློབ་ཕྲུག་ཚུ་གིས་ ཕྱགས་སྙིགས་འཛིན་སྐྱོང་གི་སྐོར་ལས་ ཧ་གོ་ཐབས་ལུ་ གཞི་བཙུགས་འབད་ནུག།མོ་གིས་ སླབ་མིའི་ནང་ སློབ་ཕྲུག་ཚུ་གིས་ སློབ་གྲྭ་ནང་ ཕྱགས་སྙིགས་འཛིན་སྐྱོང་གིས་མ་ཚད་ གཡུས་སྒོ་ཚུ་ནང་སོང་སྟེ་ མི་སྡེ་ཚུ་ལུ་ ཕྱགས་སྙིགས་འཛིན་སྐྱོང་གི་སྐོར་ལས་ གོ་བ་བརྡ་སྤྲོད་འབད་བའི་ཁར་ རུལ་བཏུབ་དང་མ་བཏུབ་པའི་ ཕྱགས་སྙིགས་ཚུ་ བཀོག་ནིའི་དོན་ལུ་ རང་སོའི་ཁྱིམ་ནང་ ཨིན་ཅི་མིན་ཅི་ ཕྱགས་སྙིགས་ཀྱི་ཧོད་༢ བཞག་དགོཔ་སྦེ་ བཤད་བྱིན་ནི་ཡོད་ཟེར་ཨིན་པས།སྤྱིར་བཏང་ཆོས་ཚན་གྱི་ སློབ་དཔོན་ཚེ་རིང་དཔལམོ་གིས་ སླབ་མིའི་ནང་ མ་གཞི་ ཕྱགས་སྙིགས་ཚུ་ ཨ་རྟག་ར་ བསྡུ་བསྒྱོམ་འབད་དགོཔ་ཨིན་རུང་ སློབ་གྲྭའི་ལས་སྣ་ལུ་བརྟེན་ དུས་ཚོད་མ་ཐོབ་ལས་ སློབ་གྲྭའི་ངལ་གསོ་ནང་མ་གཏོགས་ འགོ་འདྲེན་འཐབ་མི་ཚུགས་པས་ཟེར་ཨིན་པས།འཐུས་མི་ཚུ་གིས་ ཟླཝ་རེ་ནང་ མི་སྡེ་ཚུ་ལས་ རུལ་མ་བཏུབ་པའི་ ཕྱགས་སྙིགས་ཕད་ཙི་༦ དེ་རེ་ བསྡུ་བསྒྱོམ་འབད་ཐོག་ལས་ ལོག་ལག་ལེན་འཐབ་ནིའི་དོན་ལུ་ མཛོད་ཁང་ཅིག་ནང་ བཙུགས་བཞག་དོ་ཡོདཔ་ད་ མི་སྡེ་ནང་ ལས་རིམ་ག་ཅི་ར་ཨིན་རུང་ དུས་ཚོད་ཐོབ་ད་རྐྱངམ་གཅིག་ ཕྱགས་སྙིགས་ཚུ་ བསྡུ་བསྒྱོམ་འབད་དོ་ཟེར་ ཚེ་རིང་དཔལ་མོ་གིས་ བཤད་ཅི། མོ་གིས་འབད་བ་ཅིན་ སློབ་གྲྭ་དེ་ནང་ དེ་བཟུམ་མའི་ལས་རིམ་ འགོ་འདྲེན་འཐབ་ཚུགས་མི་དེ་ཡང་ མོ་ར་ ཀི་ལེན་བྷུ་ཊཱན་ཟེར་མི་ འབྲུག་གཙང་སྦྲ་ལས་སྡེའི་ འཐུས་མི་འབད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།ཚ་ཚི་སློབ་གྲྭ་ཆུང་བ་གིས་ སློབ་གྲྭ་དང་ མི་སྡེ་ནང་ ཕྱགས་སྙིགས་མར་ཕབ་འབད་མི་ལུ་བརྟེན་ སྤྱི་ལོ་༢༠༡༧ གྱི་ འབྲུག་བསྒྱུར་བཅོས་དོན་ལུ་ ཐབས་ལམ་བཏོན་མི་ གསོལ་རས་ཅིག་ཡང་ ཐོབ་ཡོདཔ་ད་ བསྒྱུར་བཅོས་ཐབས་ལམ་གྱི་ ཡིག་ཚང་ལྟེ་བ་དེ་ཡང་ རྒྱ་གར་ལུ་ ཡོདཔ་ཨིན་པས།འབྲུག་བསྒྱུར་བཅོས་ཐབས་ལམ་དེ་ སྤྱིར་བཏང་འཛམ་གླིང་སློབ་གྲྭའི་ ཐབས་ལམ་ཅིག་ཨིནམ་ལས་ དེ་གིས་ སློབ་ཕྲུག་ཚུ་ལུ་ ཁོང་རའི་དཀའ་ངལ་སེལ་ནི་དང་ ཐབས་ལམ་འཚོལ་ནི་ལུ་ བློ་སྟོབས་འཐོབ་ཚུགས་པའི་ ཁེ་ཕན་འབྱུང་ནི་ཨིན་པས།ཚེ་རིང་དཔལམོ་གིས་ སླབ་མིའི་ནང་ སློབ་གྲྭ་དེ་གིས་ རུལ་མ་བཏུབ་པའི་ ཕྱགས་སྙིགས་ཀྱིས་བཟོ་མི་ ཅ་ཆས་ཚུ་ སྤྱི་ལོ་༢༠༡༧ ཟླཝ་༡༠ པའི་ནང་ འབྲུག་བསྒྱུར་བཅོས་འབད་ཐབས་ལུ་ བཏང་བའི་ཤུལ་ལས་ སྤྱི་ཟླ་༡༢ པའི་ནང་ གྲུབ་འབྲས་ཐོན་ཡོདཔ་བཞིན་དུ་ དུས་ཅི་ སྤྱི་ཟླ་དང་པའི་ཚེས་༡༨ ལུ་ འབྲུག་བསྒྱུར་བཅོས་ཐབས་ལམ་ གསོལ་རས་དངུལ་ཀྲམ་༣༠,༠༠༠ དང་གཅིག་ཁར་ ལག་ཁྱེར་ཚུ་ ཐོབ་ཅི་ཟེར་ཨིན་པས།ཚ་ཚི་སློབ་གྲྭ་ཆུང་བའི་ནང་ བློ་གསར་སློབ་རིམ་ལས་ སློབ་རིམ་༦ པ་ཚུན་ སློབ་ཕྲུག་བསྡོམས་༡༤༧ ཡོདཔ་ད་ ཚ་ཚི་གཡུས་ཚན་དེ་ཡང་ ན་ནོང་རྒེད་འོག་ལྟེ་བ་ལས་ ཀི་ལོ་མི་ཊར་༢༠ གི་ས་ཁར་ ཡོདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *