༉ ཁ་ཙ་ འབྲུག་གིས་ རྒྱལ་སྤྱི་སྨྱོ་རྫས་ལོག་སྤྱོད་དང་ ཚུལ་མིན་ནག་ཚོང་ལུ་ གདོང་ལེན་གྱི་ཉིནམ་དང་ འཛམ་གླིང་ཏམ་ཁུ་མེད་པའི་ ཉིནམ་བརྩི་སྲུང་འབད་ཡོདཔ་བཞིན་དུ་ རྒྱལ་ཁབ་ནང་ སྨྱོ་རྫས་ལག་ལེན་འཐབ་མིའི་གྱངས་ཁ་ ཡར་སེང་འགྱོ་དོ་ཡོདཔ་ལས་ ཁྲིམས་བསྟར་སྤྱོད་ སྒྲིང་སྒྲི་འབད་ནི་དང་ སྔོན་འགོག་གི་ ཐབས་ལམ་ཚུ་ ལྷག་པར་དུ་ བཏོན་དགོ་པའི་ དུས་ཚོད་ན་འཐན་རན་ནུག་ཟེར་ གསོ་བའི་བློན་པོ་གིས་ གསུང་འཕྲིན་ནང་ བཀོད་གནང་ནུག།
གསུང་འཕྲིན་དེ་གིས་ སྨྱོ་རྫས་ལོག་སྤྱོད་འབད་མི་ རྣམ་རྟོག་ལང་སི་སི་སྦེ་ ཡར་འཕར་འགྱོ་དོ་ཡོད་མི་དེ་ལུ་ ཚ་གྱང་ཡོད་པའི་ བརྡ་མཚོན་སྟོནམ་མས།
འདི་འབདཝ་ད་ གཞུང་གིས་འབད་བ་ཅིན་ སྨྱོ་རྫས་ལོག་སྤྱོད་དང་ ནག་ཚོང་འཐབ་པའི་ རྩིས་དཔྱད་ལུ་ བལྟ་བ་ཅིན་ རྣམ་རྟོག་དང་ ཚ་གྱང་ལང་དགོཔ་མེད་ཟེར་ གསུངས་མི་དང་ གསོ་བའི་བློན་པོ་གིས་ ཁ་ཙ་ གསུང་འཕྲིན་ནང་ གསལ་བཀོད་འབད་མི་གཉིས་ རྟགས་མཐུན་མ་ཚུགས།
འབྲུག་བཟུམ་མའི་ རྒྱལ་ཁབ་ཆུང་ཀུའི་ནང་ མི་རློབས་ཡང་ ཉུང་སུ་ཅིག་ལས་བརྒལ་མེདཔ་ཨིན་རུང་ སྨྱོ་རྫས་ལུ་བརྟེན་ འཛིན་བཟུང་འབད་མི་དང་ བཙོན་ཁྲིམས་ཕོག་མིའི་ གྱངས་ཁ་ལུ་ བལྟ་བ་ཅིན་ ང་བཅས་ལུ་ ཚ་གྱང་ལང་དགོཔ་དང་ འདྲོག་བྱེལ་འཐབ་དགོཔ་ཅིག་ཨིན་མས།
ག་འཆརཔ་ཟེར་བ་ཅིན་ ད་རེས་ནངས་པར་ རྒྱལ་ས་ལྟེ་བ་ ཐིམ་ཕུག་བཟུམ་མའི་ ཁྲོམ་སྡེ་ནང་ ཉིན་བསྟར་བཞིན་དུ་ བཀག་དམ་ཅན་གྱི་ སྨྱོ་རྫས་ནག་ཚོང་འཐབ་མི་རེ་ འཛིན་བཟུང་འབད་དོ་ཡོདཔ་ད་ འདས་པའི་ལོ་ནང་ སྨྱོ་རྫས་ལོག་སྤྱོད་ལུ་བརྟེན་ སློབ་ཕྲུག་༤,༦༦༨ འཛིན་བཟུང་འབད་མིའི་གྲས་ལས་༤,༠༠༠ ཐིམ་ཕུག་ལུང་གཤོང་གི་ སློབ་གྲྭ་ཚུ་ལས་ཨིནམ་བཞིན་དུ་ གྱངས་ཁ་ཚུ་ལུ་ རྩིས་བཏོན་བལྟ་བ་ཅིན་ ཉིནམ་རེ་ལུ་ སློབ་ཕྲུག་༡༢ དེ་རེ་གིས་ སྨྱོ་རྫས་ལོག་སྤྱོད་འབད་ནུག།
སློབ་ཕྲུག་ཚུ་གི་ གྱངས་ཁ་རྐྱངམ་གཅིག་གིས་ར་ གཞུང་དེ་ ཐུགས་ཚ་གྱང་བཞེས་དགོཔ་འདུག། ང་བཅས་རའི་ ན་གཞོན་སློབ་ཕྲུག་ཚུ་གིས་ རྫས་ངན་སྨྱོ་རྫས་ལོག་སྤྱོད་འབད་མི་ལུ་བརྟེན་ ཁོང་གི་མི་ཚེ་ ཉེན་ཁ་ཅན་ བཟོཝ་མ་ཚད་ ད་རེས་ནངས་པར་ སྨྱོ་རྫས་ཚུ་ འཇམ་ཏོང་ཏོ་སྦེ་ ཐོབ་དོ་ཡོདཔ་ལས་ མི་མང་ལུ་ ཚ་གྱང་ལང་དགོ་པའི་ གཞི་གནད་ཅིག་ལུ་ གྱུར་ཏེ་ཡོདཔ་ཨིན།
སྨྱོ་རྫས་ཚུ་ ས་མཚམས་ཁྲོམ་སྡེ་ཚུ་ལས་ ནང་འདྲེན་འབདཝ་ཨིནམ་ ག་ར་གིས་ མ་ཤེསཔ་མེདཔ་ཨིན་རུང་ འདི་བཟུམ་མའི་ ས་ཁོངས་ཚུ་ནང་ལས་ དམ་འཛིན་འབད་མ་ཚུགསཔ་ད་ ནང་འཁོད་ཀྱི་ ཁྱིམ་ཚུ་ནང་ ཞིབ་དཔྱད་རྐྱབ་ནི་དང་ མར་གནོན་འབད་ནི་དེ་ ལཱ་ཁག་འོང་ནི་ཨིན་མས།
སྨྱོ་རྫས་ལོག་སྤྱོད་འབད་དེ་ ཉེས་འཛུགས་ཕོག་མི་ཚུ་ལུ་ གཞུང་གི་ཧོངས་ལས་ ཁྲིམས་ཀྱི་སྟེགས་གསོ་དང་ ལྷན་ཐབས་འབད་མི་ གནང་ནིའི་ འོས་འབབ་བལྟ་བའི་བསྒང་ཡོད་མི་དེ་ ཐབས་ལམ་ལེགས་ཤོམ་ཅིག་ཨིན་རུང་ དཀའ་ངལ་དེ་ སྨྱོ་རྫས་ནང་འདྲེན་འབད་སའི་ ས་མཚམས་ལས་ རྒྱལ་ཁབ་ནང་ན་ འབག་འོང་མ་ཚུགསཔ་བཟོ་དགོ།
ད་ཚུན་གྱི་བར་ན་ སྨྱོ་རྫས་མང་ཤོས་ར་ ཕུན་ཚོགས་གླིང་གི་ ས་མཚམས་བརྒྱུད་དེ་ ནག་ཚོང་འཐབ་མི་ལུ་བརྟེན་ ཁྲིམས་སྲུང་འགག་པ་དང་ འབྲུག་སྨྱོ་རྫས་དམ་འཛིན་དབང་འཛིན་གྱི་ འགོ་དཔོན་ཚུ་གིས་ ས་ཁོངས་དེ་ཚུ་ནང་ ལྟ་རྟོག་དང་ ཞིབ་དཔྱད་མཐིལ་ཕྱིན་འབདཝ་ཨིན་རུང་ ཞིབ་དཔྱད་རྐྱབ་མི་ཚུ་ལས་ལྷགཔ་སྦེ་ སྨྱོ་རྫས་ནག་ཚོང་འཐབ་མི་ཚུ་ མཁས་ནི་དེ་གིས་ རྒྱུན་ལམ་སོར་ཏེ་ ད་རེས་ནངས་པར་ དགེ་ལེགས་ཕུག་བརྒྱུད་དེ་ ནག་ཚོང་འཐབ་དོ་ཡོད་པའི་ ལོ་རྒྱུས་གོཝ་མས།
འདི་འབདཝ་ལས་ གཞུང་གིས་ སྨྱོ་རྫས་ལོག་སྤྱོད་དང་ ནག་ཚོང་འཐབ་མི་མངམ་སྦེ་ འཛིན་བཟུང་འབད་ནི་ལུ་བསྒུག་སྟེ་ བག་ལྷོད་ཐོག་ བཞུགས་ནི་མེན་པར་ འབྲུག་གི་ས་མཚམས་ཁྲོམ་སྡེ་ ཕུན་ཚོགས་གླིང་དང་ བསམ་གྲུབ་ལྗོངས་མཁར་ དགེ་ལེགས་ཕུག་ བསམ་རྩེ་ ལྷ་མོའི་རྫིང་ཁ་ ཇོ་མོ་གཙང་ཁ་ལ་སོགས་པའི་ ས་གོ་ཚུ་ནང་ ཞིབ་དཔྱད་དམ་དམ་འབད་མི་ བཙུགས་པ་ཅིན་ སྨྱོ་རྫས་རྒྱལ་ཁབ་ནང་ ཚུལ་མིན་གྱི་སྒོ་ལས་ འབག་འོང་མི་ཚུ་ རང་བཞིན་གྱིས་ར་ མར་འབབ་འགྱོ་འོང་ཟེར་ ཞུ་ནི་ཨིན།
Check Also
རྒྱལ་ཡོངས་ལུ་ གདམ་ཁ་རྐྱབ་དགོཔ།
༉ ད་འབདན་ ན་འཐན་ར་སྦོ་ལོགས་ཁར་ ལྷོད་དོ་ཡོད་མི་ འབྲུག་གི་སྤྱི་མཐུན་གྱི་གྲུབ་འབྲས་ འཐོན་ནི་དེ་ ཧ་ལམ་རན་དོ་ཡོདཔ་ལས་ ག་ར་གིས་ སེམས་ཁར་ཚ་གྱང་འབག་དོ་ཡོདཔ་འོང་། རྒྱལ་ཁབ་ནང་ དབང་ཚད་ཕྱིར་སྤེལ་གྱི་ ལམ་ལུགས་འགོ་བཙུགས་ཏེ་ ལོ་ངོ་བཅུ་ཕྲག་ལྷག་པའི་བསྒང་ལས་ དམངས་གཙོའི་རིང་ལུགས་ནང་ ལཱ་ཚུ་ག་དེ་སྦེ་ར་ …