རྩི་ནག་གཏང་མ་ཚར་མི་ ཙ་ཀ་གླིང་ རྒེད་འོག་ལྟེ་བའི་འཁོར་ལམ།

ཙ་ཀ་གླིང་རྒེད་འོག་ལྟེ་བའི་འཁོར་ལམ་ རྩི་ནག་གཏང་མ་ཚར་བར་ཡོདཔ།

༉ ཙ་ཀ་གླིང་རྒེད་འོག་ལྟེ་བའི་ འཁོར་ལམ་རྩི་ནག་གཏང་ནི་དེ་ དུས་ཚོད་ལུ་ མཇུག་བསྡུ་མ་ཚུགསཔ་ལས་ ཁག་འབགཔ་ལུ་ དུས་ཐེབས་བྱིན་ཡོད་རུང་ མཇུག་བསྡུ་མ་ཚུགས་མི་ལུ་བརྟེན་ མི་སེར་ཚུ་ ཚ་གྱང་ལང་སྟེ་འདུག།
ཀི་ལོ་མི་ཊར་༡༢ འབད་མི་ རྒེད་འོག་ལྟེ་བའི་འཁོར་ལམ་དེ་ རྩི་ནག་གཏང་ནིའི་དོན་ལུ་ ཕུན་ཚོགས་རབ་བརྟན་ཁག་འབགཔ་ལུ་ མ་དངུལ་ས་ཡ་༢༦.༨༤ སྤྲོད་ཡོདཔ་བཞིན་དུ་ རྩི་ནག་དེ་ཡང་ སྤྱི་ལོ་༢༠༡༦ ཟླ་༣ པ་ལས་ སྤྱི་ལོ་༢༠༡༨ ཟླ་༡ པའི་ནང་འཁོད་ལུ་ མཇུག་བསྡུ་དགོཔ་ཨིན་པས།
དུས་ཚོད་ནང་ ལཱ་གི་འགྲུབ་འབྲས་བཏོན་མ་ཚུགས་མི་ལུ་བརྟེན་ གླིང་མི་ཐང་ལུ་ཡོད་པའི་ ལུང་ཕྱོགས་ལམ་སེལ་ལས་ཁུངས་ཀྱི་ རིན་བསྡུར་ཚོགས་ཆུང་གིས་ སྤྱི་ལོ་༢༠༡༦ ཟླ་༡ པ་ལས་ ཟླ་༤ པ་ཚུན་ དུས་ཐེབས་ཟླཝ་༤ བྱིན་ཡོདཔ་བཞིན་དུ་ ཁག་འབགཔ་གིས་ཡང་ འཁོར་ལམ་གྱི་ གཡས་གཡོན་ལས་ཕར་ ཆུ་གཡུར་ཚུ་ བཟོ་སྐྲུན་འབད་དོ་ཡོདཔ་ཨིན་པས།
དུས་ཐེབས་བྱིན་མི་དེ་ རྫོགས་ཡོད་རུང་ གཡུར་བ་བཟོ་ནིའི་ཐད་ཁར་ ལམ་ཕྱེད་ཀ་ལྷགཔ་ཅིག་མ་གཏོགས་ བཟོ་སྐྲུན་མཇུག་བསྡུ་མ་ཚུགསཔ་ལས་ རྒེད་འོག་གི་ མི་སེར་ཚུ་གིས་ ཁ་ཉེས་བཀལ་དོ་ཡོདཔ་ཨིན་པས།
ཙ་ཀ་གླིང་རྒེད་འོག་གི་དམངས་མི་ པདྨ་བསྟན་འཛིན་གྱིས་ སླབ་མིའི་ནང་ ལས་འགུལ་འགོ་བཙུགས་ཏེ་ ལོ་ལྷགཔ་ཅིག་ལང་རུང་ ལཱ་གི་གྲུབ་འབྲས་ལེགས་ཐོན་ འབྱུང་ནི་མེདཔ་ལས་ འཆར་གཞི་གོང་འཕེལ་གྱི་ལས་སྣ་ཚུ་ འགོ་འདྲེན་འཐབ་པའི་སྐབས་ གདོང་ལེན་བྱུངམ་མས་ཟེར་ཨིན་པས།
དེ་བཟུམ་སྦེ་ ཚོགས་པ་ཅིག་གིས་འབད་བ་ཅིན་ ཆརཔ་མེད་པའི་སྐབས་ རྩི་ནག་གཏང་ནིའི་ལཱ་ འགོ་བཙུགས་པ་ཅིན་ ལཱ་གི་སྤུས་ཚད་ ལེགས་ཤོམ་འོང་ནི་ཨིན་རུང་ ད་ལྟོའི་བར་ན་ཡང་ འགོ་བཙུགས་ནི་མེདཔ་ལས་ ཆརཔ་རྐྱབ་པའི་སྐབས་ རྩི་ནག་གཏང་ནི་ཨིན་པ་ཅིན་ མི་སེར་ཚུ་ལུ་ ཕན་ཐོགས་ག་དེ་སྦེ་ འབྱུང་འོང་ག་ཟེར་བའི་ ཚ་གྱང་ཡོད་ལུགས་ཚུ་ བཤདཔ་ཨིན་པས།
ཁག་འབགཔ་ ཕུན་ཚོགས་རབ་བརྟན་གྱིས་ སླབ་མིའི་ནང་ མ་གཞི་ རྩི་ནག་གི་དོན་ལུ་ འཁོར་ལམ་གྱི་གཞི་འགྱམ་ཚུ་ འབད་ཚར་ཡོད་རུང་ དུས་ཐེབས་བྱིན་མིའི་ནང་ གཡུར་བ་བཟོ་ནིའི་དོན་ལུ་ རྡོ་ཆུང་ཀུ་ཚུ་ མཇུག་བསྡུ་མ་ཚུགས་མི་དེ་ཡང་ ལམ་ཐག་རིང་ས་ལས་ སྐྱེལ་འདྲེན་འབད་དགོ་ནི་དེ་གིས་ཨིནམ་ད་ ད་ལྟོ་ཚུན་ ལཱ་བརྒྱ་ཆ་༨༠ མཇུག་བསྡུ་ཡི་ཟེར་ཨིན་པས།
ལུང་ཕྱོགས་ལམ་སེལ་ལས་སྡེ་ལས་ བཟོ་རིག་གཙོ་འཛིན་འགོ་དཔོན་ ཀརྨ་རིག་འཛིན་གྱིས་ སླབ་མིའི་ནང་ རྒེད་འོག་ལྟེ་བའི་འཁོར་ལམ་ རྩི་ནག་གཏང་ནིའི་དོན་ལུ་ ཁག་འབགཔ་གིས་ བཟོ་སྐྲུན་འབད་མ་ཚར་བའི་ཤུལ་ལས་ ཁག་འབགཔ་དང་གཅིག་ཁར་ གྲོས་བསྟུན་ཞལ་འཛོམས་ཚར་༢ འཚོགས་པའི་སྐབས་ ཁག་འབགཔ་གིས་ སྤྱི་ཟླ་༤ པའི་ཚེས་༣༠ ལུ་ མཇུག་བསྡུ་དགོཔ་སྦེ་ ཡིག་ཚང་ནང་ ཞུ་ཡོདཔ་ལས་ དུས་ཐེབས་བྱིན་ཡི་ཟེར་ཨིན་པས།
གལ་སྲིད་ དུས་ཐེབས་ནང་ བཟོ་སྐྲུན་འབད་མ་ཚར་བར་ཡོད་པ་ཅིན་ ཞིབ་དཔྱད་སྙན་ཞུ་བསྡུ་སྒྲིག་འབད་ ཞིནམ་ལས་ ཕྱིར་བཏོན་འབད་ནིའི་དོན་ལུ་ ལྷན་ཁག་གི་ རིན་བསྡུར་ཚོགས་སྡེ་ལུ་ ཕུལ་ནི་ཨིན་ཟེར་ བཟོ་རིག་ གཙོ་འཛིན་འགོ་དཔོན་གྱིས་ སླབ་ཨིན་པས།
ཟླཝ་༤ གི་རིང་ དུས་ཐེབས་ལུས་པའི་ ཉེས་བྱ་བརྒྱ་ཆ་༡༠ བཀལ་ཐོག་ལས་ ད་ལྟོ་ ལཱ་འབད་དོ་ཡོདཔ་ད་ གལ་སྲིད་ ལས་འགུལ་མཇུག་བསྡུ་མ་ཚུགས་པར་ ཕྱིར་གཏོན་འབད་བ་ཅིན་ ལཱ་འབད་དགོཔ་ ལྷག་ལུས་ཡོད་མི་དང་བསྟུན་ ཉེས་བྱ་བརྒྱ་ཆ་༢༠ བཀལ་སྲོལ་ཡོདཔ་ཨིན་པས།
ཙ་ཀ་གླིང་རྒེད་འོག་ལྟེ་བའི་ ལམ་རྩི་ནག་གཏང་ནི་དེ་ མོང་སྒར་དང་ ལྷུན་རྩེ་རྫོང་ཁག་གཉིས་ཀྱི་ གཞུང་ལམ་དང་ ཧོ་རོང་ས་གནས་ལས་ རྒེད་འོག་ལྟེ་བ་ཚུན་ ཀི་ལོ་མི་ཊར་༡༢ ཡོདཔ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

བཟའ་གྲོགས་ལུ་ ཨམ་སྲུ་༤༤ ནག་ཚོང་འཐབ་པའི་ ཉེས་འཛུགས་ཀྱི་གྲོས་འདེབས།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་འཛུགས་ཚུ་ལུ་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ། ༉ མི་ཌཱལ་ཨིསི་ལུང་ཕྱོགས་རྒྱལ་ཁབ་ཚུ་ནང་ འབྲུག་པའི་ཨམ་སྲུ་ཚུ་ ཉེས་ཚོང་འཐབ་ཡོད་པའི་ ཁ་ཉེས་ཕོག་མི་ ལས་སྡེ་ངོ་ཚབ་༣༠ ཡོད་མི་ལས་ རྒྱལ་གཞུང་ཁྲིམས་སྲུང་འགག་སྡེའི་ དམིགས་བསལ་ཞིབ་དཔྱད་སྡེ་ཚན་ཅིག་གིས་ རྩོད་དོན་༡ ཉེས་བཤེར་གྱི་དོན་ལུ་ འཕྲལ་ཁམས་ཅིག་ཁར་ …

Leave a Reply

Your email address will not be published. Required fields are marked *