སངས་རྒྱས་གླིང་པའི་ རྔ་འཆམ་གྱི་ མཇལ་ཁ་གནང་པའི་བསྒང་།

ཙ་ཀ་གླིང་གི་ མཁའ་འགྲོའི་བསྐང་བཤགས་ འདས་པའི་བདུན་ཕྲག་ནང་ མཇུག་བསྡུ་ཡོདཔ།

༉ མོང་སྒར་ ཙ་ཀ་གླིང་པད་གླིང་གི་གདན་ས་ལུ་ བྱིན་རླབས་ཅན་གྱི་ མཁའ་འགྲོའི་བསྐང་བཤགས་གནང་སྲོལ་ཡོད་མི་དེ་ འདས་པའི་བདུན་ཕྲག་ནང་ མཇུག་བསྡུ་ཡི།

མཁའ་འགྲོའི་བསྐང་བཤགས་དེ་ ཙ་ཀ་གླིང་ཆོས་རྗེའི་གདན་ས་ བསམ་གཏན་ཆོས་གླིང་ལྷ་ཁང་ནང་ལས་ དར་ཁྱབ་སོང་ཡོདཔ་ད་ དེ་ཡང་ མི་ལོ་༤༠༠ ལྷགཔ་ཅིག་གི་ཧེ་མར་ གདན་ས་ཕྱག་བཏབ་གནང་མི་ གདན་རབས་དང་པ་ བསྟན་འཛིན་དོན་གྲུབ་ཀྱིས་ གཞི་བཙུགས་གནང་ཡོད་པའི་ ལོ་རྒྱུས་འདུག།

གཡུས་མི་ཚུ་གིས་ སླབ་མིའི་ནང་ མཁའ་འགྲོའི་བསྐང་བཤགས་དེ་ ངེས་པར་དུ་ མཇལ་དགོ་མི་དེ་ཡང་ སྲིད་པ་སྤྱི་མདོས་བཟུམ་སྦེ་ དམངས་ཀྱི་རིམ་གྲོ་ སྦོམ་ཤོས་ཅིག་འབད་ནི་དེ་གིས་ཨིན་ཟེར་ ཨིན་པས།

ཉིནམ་༥ འབད་མི་ མཁའ་འགྲོའི་བསྐང་བཤགས་སྐབས་ ཙ་ཀ་གླིང་དང་ སྟག་ཁམས་སྦིས་གཡུས་ཚན་གྱི་ ཁྱིམ་གུང་པ་༢༠༠ ལྷགཔ་ཅིག་ཡོད་མི་ཚུ་ ཆ་མཉམ་གྱིས་ མཇལ་བར་འོངམ་ཨིན་པས།

ཁྱིམ་ནང་ལཱ་འབད་མི་དང་ ནོར་རྫིཔ་ཚུ་གིས་ཡང་ སྟབས་གཅིག་ཁར་ མཇལ་བར་ལྷོད་མ་ཚུགས་རུང་ བསྐོར་རྒྱབ་སྦེ་ མ་ཆད་པར་འོངམ་ཨིན་པས།

དེ་མ་ཚད་ ཉེ་འདབས་ཀྱི་གཡུས་ཚན་ ཆ་གླིང་དང་ རྩ་མང་རྒེད་འོག་ དེ་ལས་ ལྷུན་རྩེ་རྫོང་ཁག་ཚུ་ནང་ལས་ཡང་ མཁའ་འགྲོའི་བསྐང་བཤགས་མཇལ་ནི་དང་ སྨོན་ལམ་བཏབ་པར་ འོང་སྲོལ་ཡོདཔ་ཨིན་པས།

ཨིན་རུང་ དུས་ཅི་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ མཇལ་ཁ་མེད་ནི་དེ་གིས་ ལྟདམོ་བལྟ་བར་འོང་མི་ཚུ་གིས་ ལྷ་ཁང་གི་ཕྱི་ཁར་ ས་ཞིང་དང་ སྤོག་ཏོ་ དེ་ལས་ ཤིང་གི་གྱིབ་མ་ནང་ལས་ མཇལ་མི་དེ་ལུ་ གཡུས་མི་མང་ཤོས་ཅིག་ སེམས་ཕམ་བྱུང་ཡོདཔ་ཨིན་པས།

སྐྱེས་ལོ་༧༣ ལང་མི་ བསོད་ནམས་འཆི་མེད་ཀྱིས་ སླབ་མིའི་ནང་ མཁའ་འགྲོའི་བསྐང་བཤགས་མཇལ་བ་ཅིན་ ལོ་༣ གྱི་རྐྱེན་ངན་ཚུ་ བཟློག་ཚུགསཔ་ཨིན་རུང་ དུས་ཅི་ སྒྲིག་གཡོག་རྒྱུག་མི་ ཁྲིམས་སྲུང་འགག་པ་དང་ བདེ་སྲུངཔ་ཚུ་གིས་ ཐ་ན་ སྙན་དར་ཕུལ་ནིའི་ གོ་སྐབས་ཡང་མ་བྱིན་ནི་དེ་གིས་ དུམ་གྲ་ཅིག་ བསམ་པ་མ་རྫོགས་ཟེར་ཨིན་པས།

གྲོང་མི་ཚུ་གིས་ སླབ་མིའི་ནང་ རྩ་མང་བ་བརྒྱར་ལས་ཡང་ མི་༣༠ དེ་ཅིག་འོང་ཡོད་རུང་ སྐུ་འཆམ་ཚུ་གི་ མཇལ་ཁ་མ་གནང་ནི་དེ་གིས་ ལོག་འགྱོ་དགོཔ་ཐོན་ཡི་ཟེར་ཨིན་པས།

ཀ་གླིང་ཐུམ་གླིང་སྤྱི་འོག་ཚོགས་པ་ བསོད་ནམས་ལྷ་སྒྲོན་གྱིས་ སླབ་མིའི་ནང་ མ་གཞི་ ལོ་༣ གྱི་བར་ན་ ཚར་རེ་འགོ་འདྲེན་འཐབ་སྲོལ་ཡོད་མི་ མཁའ་འགྲོའི་བསྐང་བཤགས་དེ་ ཨ་རྟག་ར་ རང་ཟླ་༡༡ པའི་ཚེས་༢༥ ལས་གནམ་གང་ཚུན་ འགོ་འདྲེན་འཐབ་ཨིན་རུང་ དུས་ཅི་ ནད་ཡམས་ལུ་བརྟེན་ མི་མང་ལུ་ མཇལ་ཁ་གནང་ནིའི་དོན་ལས་ ཟླཝ་༡ རྒྱབ་བཤུད་རྐྱབ་ཡོད་རུང་ ནད་ཡམས་ཀྱི་བྱ་སྒོའི་རིམ་པ་དང་འཁྲིལ་ སྐུ་འཆམ་ཚུ་ མཇལ་ཁ་གནང་མ་ཚུགས་ཟེར་ཨིན་པས།

ལས་རིམ་དེ་ཡང་ ཉིནམ་དང་པའི་ནང་ པད་གླིང་བླ་མ་ནོར་བུ་རྒྱ་མཚོའི་ གསུང་ཆོག་གནང་སྟེ་ སྐུ་འཆམ་དང་བཅསཔ་སྦེ་ དྲག་པོའི་སྦྱིན་བསྲེག་གནང་ཞིནམ་ལས་ ཕྱི་རུ་ སློབ་དཔོན་༡ དང་ དབུ་མཛད་ འཆམ་པ་ ཅ་ལ་སྐྱེལ་མི་ཚུ་ཡོད་པའི་ སྡེ་ཚན་ཁག་དག་པ་ཅིག་ བཟོ་ཞིནམ་ལས་ བགེགས་སྐྲོད་ཀྱི་དོན་ལུ་ ཕྱོགས་ཕྱོགས་ནང་ སྒོ་བཤལ་རྐྱབ་པར་འགྱོ་དོ་ཡོད་མི་དེ་གིས་ ནངས་པར་ལོག་ལྷོདཔ་ཨིན་པས།

ཨིན་རུང་ ཐག་རིང་ཤོས་ ཁྱིམ་གུང་པ་༦༠ དེ་ཅིག་ཡོད་མི་ སྟག་ཁམས་སྦིས་གཡུས་ཚན་ནང་འབད་བ་ཅིན་ དུས་ཡུན་ཆུ་ཚོད་༦ ལྷགཔ་ཅིག་ རྐང་སྟོང་འགྱོ་དགོཔ་ད་ དང་ཕུ་འབད་བ་ཅིན་ ཁྱིམ་ག་ར་བསྐོར་ར་རྐྱབ་སྟེ་ ལོག་འོངམ་ད་ ཞག་༢ དེ་ཅིག་འགོརཝ་ཨིན་རུང་ ད་རེས་ནངས་པར་ སོ་ནམ་ཞིང་ལམ་སེལ་བའི་བསྒང་ཡོད་མིའི་མཇུག་ལས་ རྐང་སྟོང་འགྱོཝ་ད་ དེ་ཅིག་མ་འགོར་ནི་དེ་གིས་ ཉིནམ་ནངས་པ་ར་ ལོག་ལྷོད་ཚུགསཔ་ཨིན་པས།

དེ་གི་ཤུལ་ལས་ པདྨ་གླིང་པ་དང་ སངས་རྒྱས་གླིང་པ་ ཀརྨ་གླིང་པའི་སྐོར་ཟེར་༣ ཡོད་ས་ལས་ པདྨ་གླིང་པའི་སྐོར་ནང་ ས་བཅགས་ཧོམ་འཆམ་དང་ ས་བཅགས་ཕག་འཆམ་ པད་གླིང་རྒྱུག་གིང་ པད་གླིང་གྲི་གིང་ པད་གླིང་རྔ་གིང་ དེ་ལས་ གཏེར་འཆམ་ཚུ་ གནང་དོ་ཡོདཔ་ཨིན་པས།

དེ་ལས་ སངས་རྒྱས་གླིང་པའི་སྐོར་ནང་ ས་བཅགས་ཤ་རྫམ་དང་ བསྒྲལ་འཆམ་ གསོལ་འདེབས་དམངས་འཆམ་ ཤ་བ་ཤ་ཁྱི་ ཁྱུང་རྫམ་ སངས་རྒྱས་གླིང་པའི་རྔ་འཆམ་ དེ་ལས་ མཆོད་པའི་ལྷ་མོ་༡༦ གི་ཚུལ་ལུ་རིག་མ་༡༦ གུ་རུ་མཚན་བརྒྱད་ ཕོ་ལེགས་མོ་ལེགས་ མཇལ་ཁ་གནངམ་ཨིན་པས།

ཉིནམ་མཇུག་ལུ་ ཀརྨ་གླིང་པའི་གར་འཆམ་དང་ གཤིན་རྗེ་ཡབ་ཡུམ་ ཞྭ་ནག་ལྔ་འཆམ་ པད་གླིང་རྔ་འཆམ་ རཀྴ་དམངས་འཆམ་ཚུ་ མི་མང་ལུ་ མཇལ་ཁ་གནངམ་ཨིན་པས།

མཁན་པོ་འཇིགས་མེད་དབང་ཕྱུག་གིས་ སླབ་མིའི་ནང་ མཁའ་འགྲོ་འགྱེས་པའི་བསྐང་བ་ཕུལ་ནི་དང་ འཛོལ་བ་བཟོད་གསོལ་ཕུལ་མི་ལུ་ མཁའ་འགྲོའི་བསྐང་བཤགས་ཟེར་ སླབ་དོ་ཡོདཔ་ད་ དེ་གིས་ རྒྱལ་ཁབ་ནང་ ནད་ཡམས་མུ་གེ་ལ་སོགས་པ་ཚུ་ ཞི་བའི་ཁར་ བླ་སློབ་དང་ དཔོན་གཡོག་ ཕམ་བུ་གཞི་ ལྟ་ལྟོ་ཚང་གི་བར་ན་ དམ་ཚིག་ཉམས་མི་ཚུ་ བཤགས་པ་དེ་གིས་ དག་པའི་དགོས་པ་ཡོད་ཟེར་ཨིན་པས།

གཡུས་མི་རྒན་ཤོས་ཚུ་གིས་ སླབ་མིའི་ནང་ མཁའ་འགྲོའི་བསྐང་བཤགས་སྐབས་ ཧེ་མ་འབད་བ་ཅིན་ བུཚ་དང་བུམོ་ཚུ་གིས་ ཞག་༡ ར་ ལྷ་ཁང་བསྐོར་ར་རྐྱབ་སྡོདཔ་མ་ཚད་ ལ་ལོ་ཅིག་གིས་ གཉེན་རྐྱབ་སྟེ་ འགྱོ་སྲོལ་ཡོད་རུང་ ད་རེས་ནངས་པར་ དུམ་གྲ་ཅིག་ ཉམས་སོ་ནུག་ཟེར་ ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *