མོན་མོ་ལ་སློབ་གྲྭ་ཆུང་བ།

མོན་མོ་ལ་སློབ་གྲྭ་ཆུང་བ་ སློབ་གྲྭ་དྲག་ཤོས་༡༠ གྱི་གྲངས་སུ་ འགོ་དང་པ་ཚུད་ཡོད་པའི་ ངལ་རངས་ལག་ཁྱེར་ཐོབ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ ཇོ་མོ་གཙང་ཁ་དྲུང་ཁག་ གསེར་ཐིག་རྒེད་འོག་ མོན་མོ་ལ་སློབ་གྲྭ་ཆུང་བ་དེ་ མཐའ་འཁོར་ལུ་ ཤིང་ཆེན་སྣ་ཚོགས་འཛོམས་པའི་ ཉམས་དགའ་བའི་ ཐང་ཅིག་ནང་ ཆགས་ཡོདཔ་བཞིན་དུ་ སློབ་གྲྭ་དེ་ གཡུས་མི་ཚུ་གི་དོན་ལུ་ ཁག་ཆེ་ཤོས་ཅིག་ལུ་གྱུར་ནུག།

སློབ་སྟོན་ཁང་ལ་སོགས་པའི་ སློབ་གྲྭའི་གཞི་རྟེན་མཐུན་ཚུ་ཡང་ ཧེ་མ་དང་ཕྱདཔ་ད་ རྒྱ་ཆེ་དྲགས་སྦེ་ གོང་འཕེལ་སོང་མི་ལུ་བརྟེན་  སློབ་ཕྲུག་ཚུ་གིས་ཡང་ སེམས་དགའ་སྤྲོའི་ཐོག་ལས་ ཤེས་ཡོན་སྦྱང་དོ་ཡོདཔ་བཞིན་དུ་ ཕམ་ཚུ་གི་ཁ་ཐུག་ལས་ཡང་ རྒྱབ་སྐྱོར་ཚུ་ འབད་དོ་ཡོདཔ་ཨིན་པས།

སློབ་གྲྭ་དེ་གི་ མཐའ་འཁོར་གནས་སྟངས་དང་ ཤེས་རིག་གི་ སྤུས་ཚད་ལ་སོགས་པ་ཚུ་ཡང་ རྒྱ་ཆེ་དྲགས་སྦེ་ར་ ཡར་དྲག་སོང་ཡོད་མི་ལུ་བརྟེན་ འདས་པའི་ཟླཝ་ནང་ ཤེས་རིག་བློན་པོ་ལས་ སློབ་གྲྭ་དེ་ རྒྱལ་ཡོངས་ཀྱི་གནས་ཚད་ནང་ དྲག་ཤོས་༡༠ གྱི་གྲངས་སུ་ འགོ་དང་པ་ཚུད་ཡོད་པའི་ ངལ་རངས་ཀྱི་ ལག་ཁྱེར་ཅིག་ཡང་ ཐོབ་ཡོདཔ་ཨིན་པས།

སློབ་གྲྭའི་དབུ་འཛིན་ ཚེ་དབང་བསྟན་འཛིན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ སྤྱི་ལོ་༢༠༡༤ ལུ་ འགོ་དང་པ་ སློབ་གྲྭ་དེ་གི་ དབུ་འཛིན་སྦེ་ ལྷོད་པའི་སྐབས་ སློབ་སྟོན་ཁང་ལ་སོགས་པ་ཚུ་ ལེགས་ཤོམ་མེད་པའི་ཁར་ གློག་མེ་དང་ འཁོར་ལམ་གྱི་ མཐུན་རྐྱེན་ཚུ་ཡང་མེདཔ་ལས་ གནས་སྟངས་སྐྱོ་ཤོས་ཅིག་སྦེ་ སྡོད་ཅི་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ དབུ་འཛིན་དང་ སློབ་དཔོན་ཚུ་གི་ སྡོད་ཁྱིམ་ལ་སོགས་པ་ཚུ་ཡང་ སྦ་ལེབ་ཀྱིས་ བཟོ་ཡོད་པའི་ སྦ་སྒོར་ཅིག་ལས་མེད་པའི་ཁར་ སློབ་དཔོན་ཚུ་ དེ་ནང་ གཅིག་ཁར་བགོ་བཤའ་རྐྱབ་སྟེ་ སྡོད་དགོཔ་ལས་ གདོང་ལེན་སྦོམ་ བྱུང་སྡོད་ཅི་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ སློབ་སྟོན་ཁང་ནང་གི་ རྩི་ས་ཚུ་ཡང་ སྦོག་འོང་སྟེ་ ཐལཝ་ཁོག་ཁོ་སྦེ་ གྱུར་ཡོད་པའི་ཁར་ སློབ་གྲྭ་ནང་ སློབ་ཕྲུག་ལེ་ཤ་ཡོད་རུང་ སློབ་དཔོན་ཚུ་ འོང་དགོ་མནོ་མི་ཡོད་རུང་ མཐའ་ཟུར་ཅིག་ཨིན་པའི་ཁར་ འཁོར་ལམ་གྱི་ ཞབས་ཏོག་ཚུ་མེདཔ་ལས་ སློབ་དཔོན་མ་ལང་པའི་ དཀའ་ངལ་ལུ་བརྟེན་ སློབ་དཔོན་ཅིག་གིས་ ཆོས་ཚན་༣ དང་༤ དེ་རེ་ སྟོན་དགོ་ནི་དེ་གིས་ ཤེས་རིག་གི་སྤུས་ཚད་ཡང་ སྐྱོ་ཤོས་ཅིག་སྦེ་ སྡོད་ནུག་ཟེར་ཨིན་པས།

ད་རེས་ གཞུང་གི་མ་དངུལ་རྒྱབ་སྐྱོར་ཐོག་ སློབ་སྟོན་ཁང་ལ་སོགས་པ་ཚུ་ ཉམས་བཅོས་འབད་ཡོདཔ་མ་ཚད་ དབུ་འཛིན་དང་ སློབ་དཔོན་ཚུ་གི་ སྡོད་ཁྱིམ་ཚུ་ཡང་ རྐྱབ་ཡོདཔ་བཞིན་དུ་ གློག་མེ་དང་ འཁོར་ལམ་གྱི་ མཐུད་སྦྲེལ་ཚུ་ཡང་ ལྷོད་དེ་ཡོདཔ་ལས་ ཧེ་མ་དང་ཕྱདཔ་ད་ ལོག་ལྟབ་ཀྱིས་ གོང་འཕེལ་སོང་སྟེ་ ཡོད་ཟེར་ཨིན་པས།

དབུ་འཛིན་གྱིས་ སླབ་མིའི་ནང་ ཤེས་རིག་གི་ སྤུས་ཚད་ཡར་དྲག་གཏང་ཐབས་ལུ་ ཤེས་རིག་ལྷན་ཁག་ནང་ མ་དངུལ་རྒྱབ་སྐྱོར་གྱི་ གྲོས་འཆར་བཙུགས་མི་དང་བསྟུན་ མ་དངུལ་དངུལ་ཀྲམ་༢༠,༠༠༠ ཐོབ་ཡོདཔ་བཞིན་དུ་ སློབ་རིམ་༣ པའི་ སློབ་ཕྲུག་ཚུ་ གཞུང་གི་ཆོས་རྒྱུགས་ཡོདཔ་ལས་ འདས་པའི་ལོ་ནང་ ཀི་དེབ་ལྷབ་ནི་ལ་སོགས་པའི་ ལས་རིམ་ལེ་ཤ་ཅིག་ར་ འགོ་བཙུགས་ཅི་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ སློབ་གྲྭའི་གྲུབ་འབྲས་གསལ་སྟོན་འབད་བའི་སྐབས་ དྲག་ཤོས་༡༠ ནང་ མོན་མོ་ལ་སློབ་གྲྭ་ཆུང་བ་དེ་ ཚུད་དེ་མེདཔ་ལས་ རྣམ་རྟོག་ལང་ཡི་ཟེར་ཨིན་རུང་ ཤུལ་ལས་ སློབ་རིམ་༣ པའི་ གནས་ཚད་ཀྱི་ རྒྱལ་ཡོངས་ནང་ དྲག་ཤོས་༡༠ ནང་ ཚུད་ཡོད་པའི་ ངལ་རངས་ཀྱི་ ལག་ཁྱེར་ཐོབ་ནི་དེ་གིས་ དཔའ་ཉམས་སྦོམ་བྱུང་ཡི་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ དེ་བཟུམ་མའི་ ངལ་རངས་ཀྱི་ ལག་ཁྱེར་ཐོབ་མི་དེ་ སློབ་དཔོན་ཚུ་གིས་ མཉམ་འབྲེལ་ཐོག་ལས་ ཤེས་རིག་ཁག་ཆེ་བའི་སྐོར་ གོ་བརྡ་སྤྲོད་མི་དང་ ཕམ་ཚུ་གིས་ཡང་ ལེགས་ཤོམ་སྦེ་ཧ་གོ་མི་ རེས་གཟའ་མིག་དམར་ཨ་རྟག་ར་ ཀི་དེབ་ལྷག་བཅུག་མི་དང་ སློབ་རིམ་༣ པའི་ ཆོས་རྒྱུགས་ཀྱི་ གྲུབ་འབྲས་ལེགས་ཤོམ་ ཐོན་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།

དེ་བཟུམ་སྦེ་ སློབ་དཔོན་ཚུ་གིས་ ཤེས་ཡོན་ནང་ སྐྱོ་ཤོས་ཡོད་མི་དང་ གནམ་བྱཱར་གྱི་ ལོ་ཕྱེད་ཆོས་རྒྱུགས་ནང་ སྐུགས་བརྒྱ་ཆ་༥༠ མན་ཆད་ཐོབ་མི་ཚུ་ ངོས་འཛིན་འབད་དེ་ རེས་གཟའ་ལྷག་པ་དང་ པ་སངས་ཨ་རྟག་ར་ དུས་ཐེབས་ལ་སོགས་པའི་ སློབ་སྟོན་ལས་རིམ་ཚུ་ འགོ་འདྲེན་འཐབ་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།

ཚེ་དབང་བསྟན་འཛིན་གྱིས་ སླབ་མིའི་ནང་ ད་རེས་ནངས་པར་ སློབ་གྲྭ་ནང་ ཤེས་རིག་གི་ སྤུས་ཚད་རྒྱ་ཆེ་དྲགས་སྦེ་ ཡར་དྲག་སོང་མི་དེ་ སློབ་གྲྭ་ནང་ ལྟོ་ཐོབ་ཀྱི་ ལས་རིམ་འགོ་བཙུགས་ཞིནམ་ལས་ཚུར་ སློབ་ཕྲུག་ཚུ་གིས་ ཧེ་མ་བཟུམ་སྦེ་མེན་པར་ ཉིནམ་ཅིག་མ་ཆད་པར་ ཨ་རྟག་ར་ སློབ་གྲྭའི་དུས་ཚོད་ཁར་ འོང་ནི་དེ་གིས་ ཨིན་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ སློབ་གྲྭའི་ནང་ ཕུཌ་བཱོལ་རྩེད་ཐང་ རྒྱ་སྐྱེད་འབད་ཡོདཔ་བཞིན་དུ་ སློབ་ཕྲུག་ཨ་ལོ་ཚུ་ ཆུང་ཀུ་ཨིན་ཟེར་ མ་བཞག་པར་ སློབ་གྲྭ་གཞན་ཚུ་བཟུམ་སྦེ་ རྩེད་རིགས་དང་རྩོམ་རིག་ འཁྲབ་སྟོན་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལ་སོགས་པའི་ ལས་རིམ་མང་རབས་ཅིག་ འགོ་འདྲེན་འཐབ་དོ་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ དུས་ཅི་ སློབ་གྲྭ་དེ་ནང་ སློབ་རིམ་༦ པ་ཡང་ཡོདཔ་ལས་ རྒྱལ་ཡོངས་ཀྱི་ གནས་ཚད་ནང་ སློབ་རིམ་༣ པ་དང་༦ པ་༢ ཆ་ར་ དྲག་ཤོས་༡༠ ནང་ ཚུད་ནིའི་དོན་ལུ་ སློབ་དཔོན་དང་ སློབ་ཕྲུག་གི་ ཕམ་ཚུ་གིས་ཡང་ མཉམ་འབྲེལ་ཐོག་ ལཱ་རྩ་འགེངས་འབད་དོ་ཟེར་ཨིན་པས།

མོན་མོ་ལ་སློབ་གྲྭ་ཆུང་བའི་ནང་ བཀྲིས་ཐང་རྒྱས་དང་ བར་ཀ་ལང་ནང་ དེ་ལས་ མོན་མོ་ལ་ལ་སོགས་པའི་ གཡུས་ཚན་ཚུ་ལས་ ཨ་ལོ་ཚུ་ འོང་དོ་ཡོདཔ་བཞིན་དུ་ ད་རེས་ སློབ་གྲྭ་དེ་ནང་ སློབ་ཕྲུག་བུམོ་༣༤ དང་ བུཚ༣༠ དེ་ལས་ དབུ་འཛིན་བརྩིས་ཏེ་ སློབ་དཔོན་༦ ཡོད་པའི་གནས་ཚུལ།

སྐལ་ཟབང་དབང་ཕྱུག། ཇོ་མོ་གཙང་ཁ།

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *