དུས་ཅི་ མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་གི་ ཨ་ལོའི་གློ་བུར་སྨན་བཅོས་སྡེ་ཕྲན་ནང་ ནདཔ་༣༦ དང་ ཨ་ལོ་ཆུང་ཀུའི་ གློ་བུར་སྨན་བཅོས་སྡེ་ཕྲན་ནང་༡༢༣ ཨ་ལོའི་ནད་ཤག་ནང་༡༧༩ དེ་ལས་ ཨ་ལོ་སྐྱེ་ཁང་ནང་༡༤༡ ཐོ་བཀོད་འབད་ནུག།

མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ནང་ གསོ་བའི་མཁས་མཆོག་ལངམ་མེདཔ།

༉ མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ནང་ རྣམ་ཅོག་དང་ ལྷ་པ་ ལྐོདམ་ དེ་ལས་ སེམས་ཁམས་ནད་ཀྱི་མཁས་མཆོག་ དང་ ཨ་ལོའི་མཁས་མཆོག་ཚུ་མེད་པའི་ གདོང་ལེན་བྱུང་སྟེ་འདུག།
མ་གཞི་ ལུང་ཕྱོགས་གཙོ་བསྟེན་སྨན་ཁང་གི་ བདག་སྐྱོང་གིས་ རྣམ་ཅོག་དང་ ལྷ་པ་ ལྐོདམ་གི་ མཁས་མཆོག་དེ་ སང་ཕོད་སྤྱི་ཟླ་༡ པ་ལས་ འཐོབ་ཚུགས་པའི་ རེ་བ་ཡོད་རུང་ ད་ལྟོ་ སེམས་ཁམས་ནད་གཞིའི་ མཁས་མཆོག་མེད་པའི་ཁར་ ཨ་ལོའི་མཁས་མཆོག་གཅིག་ཡོད་མི་དེ་ཡང་ གནས་སྐབས་ཀྱི་དོན་ལུ་རྐྱངམ་གཅིག་ཨིན་ཟེར་ བཤདཔ་ཨིན་པས།
ཨ་ལོའི་མཁས་མཆོག་དེ་ དུས་ཅི་ སྤྱི་ཟླ་༡ པ་ལས་ གནས་སོར་སོང་པའི་ཤུལ་ལས་ སྨན་ཁང་ནང་ ཟླཝ་༢ དེ་ཅིག་གི་རིང་ བཀྲ་ཤིས་སྒང་རྫོང་ཁག་སྨན་ཁང་ནང་ལས་ མཁས་མཆོག་ལེན་ཏེ་ འཛིན་སྐྱོང་འཐབ་ཡོད་རུང་ མཁས་མཆོག་མེད་པའི་སྐབས་ ནདཔ་ཚུ་ སྤྱིར་བཏང་གི་ དྲུང་འཚོ་ཚུ་གིས་ བལྟཝ་ཨིན་པས།
ལོ་རྒྱུས་གོ་མི་དང་འཁྲིལཝ་ད་ ལུང་ཕྱོགས་གཙོ་བསྟེན་སྨན་ཁང་གི་དོན་ལུ་ གསོ་བའི་ལྷན་ཁག་གིས་ ཨ་ལོའི་མཁས་མཆོག་༣ གཏང་ནི་སྦེ་ ཡིག་ཚང་བཀའ་རྒྱ་བཏོན་ཡོད་རུང་ མཁས་མཆོག་༢ ཀྱིས་ བྱ་སྟབས་མ་བདེ་བའི་ ཞུ་བ་འབད་བའི་ཤུལ་ལས་ ཆ་མེད་བཏང་ཡོདཔ་མ་ཚད་༡ གིས་ སྤྱི་ཟླ་༦ པ་ལས་༡༢ པ་ཚུན་ དུས་ཚོད་ཕར་འགྱངས་འབད་ཡོདཔ་ཨིན་པས།
ཨིན་རུང་ ས་གནས་ཀྱི་ མི་ཚུ་གིས་ སླབ་མིའི་ནང་ ཁོང་ལུ་ ངེས་པར་དུ་ ཁག་ཆེ་བའི་ ཨ་ལོའི་མཁས་མཆོག་དེ་ ནམ་འཐོབ་འོང་ག་ ཚ་གྱང་དང་བཅསཔ་སྦེ་ སྒུག་སྟེ་ཡོད་ཟེར་ཨིན་པས།
གསོ་བའི་འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ ཨ་ལོའི་སྨན་བཅོས་མཁས་མཆོག་དེ་ གསོ་བའི་མཁས་མཆོག་ གཞན་བཟུམ་སྦེ་ར་ ཁག་ཆེ་བའི་ཁར་ ལཱ་ཡང་ལྕི་དྲགས་ཡོད་ཟེར་ཨིནམ་ད་ མཁས་མཆོག་དེ་གིས་ ལུང་ཕྱོགས་འོག་གི་ གསོ་བའི་ལས་བྱེདཔ་ཚུ་དང་ ནདཔ་ཚུ་གི་ གྲོས་སྟོན་འགྲུལ་འཕྲིན་ཚུ་ནང་ དོགས་པ་སེལ་ནིའི་ ལཱ་མ་བརྩིས་བར་ སྨན་ཁང་ནང་ ཨ་ལོའི་གློ་བུར་སྨན་བཅོས་སྡེ་ཕྲན་དང་ ཨ་ལོ་ཆུང་ཀུའི་ གློ་བུར་སྨན་བཅོས་སྡེ་ཕྲན་ ཨ་ལོའི་ནད་ཤག་ དེ་ལས་ ཨ་ལོ་སྐྱེ་ཁང་ཚུ་ ལྟ་སྐོར་འབད་དགོ་ཟེར་ཨིན་པས།
དུས་ཅི་ སྨན་ཁང་ནང་ ཨ་ལོའི་གློ་བུར་སྨན་བཅོས་སྡེ་ཕྲན་ནང་ ནདཔ་༣༦ དང་ ཨ་ལོ་ཆུང་ཀུའི་ གློ་བུར་སྨན་བཅོས་སྡེ་ཕྲན་ནང་༡༢༣ ཨ་ལོའི་ནད་ཤག་ནང་༡༧༩ དེ་ལས་ ཨ་ལུ་སྐྱེ་ཁང་ནང་༡༤༡ ཐོ་བཀོད་འབད་ནུག།
ཨིན་རུང་ ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ནང་ ཧེ་མར་མེད་པའི་ ནད་བརྟག་མཁས་མཆོག་དང་ མོ་ནད་མཁས་མཆོག་ འོད་ཤུགས་རིག་པའི་ མཁས་མཆོག་༣ ཡོདཔ་ད་ སྨན་ཁང་ནང་ འོད་ཤུགས་རིག་པའི་ མཁས་མཆོག་དེ་ ན་ཧིང་ སྤྱི་ཟླ་༧ པ་ལས་མེད་པའི་ཁར་ མོ་ནད་མཁས་མཆོག་དེ་ ན་ཧིང་གི་ ལོ་སྔ་ཆ་ལས་མེདཔ་མ་ཚད་ ནད་བརྟག་མཁས་མཆོག་མེད་པར་ ལོ་༢ དེ་ཅིག་ལང་ནུག།
འོད་ཤུགས་བརྟག་དཔྱད་མཁས་མཆོག་དང་ མོ་ནད་མཁས་མཆོག་༡ ན་ཧིང་ སྤྱི་ཟླ་༡༢ པའི་ནང་ ལྷོད་ཡོད་རུང་ ནད་བརྟག་མཁས་མཆོག་དེ་ འདས་པའི་ཟླཝ་ནང་རྐྱངམ་གཅིག་ལྷོད་ནུག།
སྨན་ཁང་གི་འགོ་དཔོན་ཚུ་དང་འཁྲིལཝ་ད་ འོད་ཤུགས་རིག་པའི་མཁས་མཆོག་དང་ མོ་ནད་མཁས་མཆོག་མེདཔ་ལས་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ལས་ མཁས་མཆོག་ཚུ་ སྐོར་རྒྱབ་སྦེ་ལེན་ཏེ་ འཛིན་སྐྱོང་འཐབ་ཅི་ཟེར་ཨིནམ་ད་ ན་ཧིང་ སྤྱི་ཟླ་༧ པའི་ནང་ འགོ་འབྱེད་འབད་མི་ གློག་པར་འཕྲུལ་ཆས་དེ་ ལག་ལེན་འཐབ་བཏུབ་དོ་ཡོདཔ་ཨིན་པས།
གློག་པར་འཕྲུལ་ཆས་དེ་ ཇའི་ཀ་རྒྱལ་སྤྱི་མཉམ་འབྲེལ་ལས་འགུལ་གྱིས་ དངུལ་ཀྲམ་ས་ཡ་༣༠ དེ་ཅིག་ རྒྱབ་སྐྱོར་ཐོག་ལས་ གཞི་བཙུགས་འབད་ནུག།
སྨན་ཁང་གི་ བདག་སྐྱོང་འགོ་དཔོན་ ཀརྨ་ཡེ་ཤེས་ཀྱིས་ སླབ་མིའི་ནང་ ད་རེས་ སྨན་ཁང་ནང་ འོད་ཤུགས་བརྟག་དཔྱད་མཁས་མཆོག་དང་ མོ་ནད་མཁས་མཆོག་ ལྷོད་མི་དང་བསྟུན་ དཀའ་ངལ་སྦོམ་ཤོས་ཅིག་ སེལ་ཚུགས་ཏེ་ཡོད་ཟེར་ཨིན་པས།
ཨིན་རུང་ ནད་བརྟག་མཁས་མཆོག་ལུ་ མེད་ཐབས་མེད་པའི་ཞིབ་རོགས་དང་ ནད་བརྟག་འཕྲུལ་ལསཔ་མེད་ནི་དེ་གིས་ ནད་བརྟག་དཔྱད་ཀྱི་ལཱ་ཚུ འབད་མ་ཚུགས་པར་ཡོདཔ་ཨིན་པས།
ཀརྨ་ཡེ་ཤེས་ཀྱིས་ སླབ་མིའི་ནང་ ནད་བརྟག་འཕྲུལ་ལསཔ་མེད་པར་ ལོ་༤ དེ་ཅིག་ སོང་ཡོདཔ་ད་ དུས་ཅི་ ལས་བྱེདཔ་༡ ཐོབ་མི་དེ་ གནས་སོར་གྱི་གནས་ཡུན་ སྤྱི་ཟླ་༡༢ པ་ཚུན་ ཕར་བཤུད་འབད་དེ་ཡོད་ཟེར་ཨིན་པས།
འདས་པའི་ལོ་ནང་ མཁས་མཆོག་ཚངམ་སྦེ་ མེད་མི་ལུ་བརྟེན་ ལུང་ཕྱོགས་གཙོ་བསྟེན་སྨན་ཁང་གིས་ ནདཔ་༢,༠༠ ལྷགཔ་ཅིག་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ བཏང་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།མོང་སྒར།

 

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *