མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ ཉམས་བཅོས་འབད་བའི་བསྒང་།

མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ ཉམས་བཅོས་ཡོངས་རྫོགས་འབད་དོ་ཡོདཔ།

༉ ལོ་ངོ་༡༡ ལང་མི་ མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་དེ་ ད་ལྟོ་ ཉམས་བཅོས་ཡོངས་རྫོགས་འབད་བའི་བསྒང་འདུག།
ཉམས་བཅོས་ཀྱི་གྲངས་སུ་ ཆུ་དུང་མཐུད་སྦྲེལ་གྱི་ལཱ་དང་ གྱང་དང་ གནམ་པང་ དེ་ལས་ སྟེང་སྒོ་ཚུ་ ལེགས་བཅོས་འབད་དོ་ཡོདཔ་མ་ཚད་ གློ་བུར་ཁང་མིག་ བསྐྱར་བཟོ་འབད་དོ་ཡོདཔ་ཨིན་པས།
ལུང་ཕྱོགས་གཙོ་བསྟེན་སྨན་ཁང་གི་ བདག་སྐྱོང་འགོ་དཔོན་ ཀརྨ་ཡེ་ཤེས་ཀྱིས་ སླབ་མིའི་ནང་ སྨན་ཁང་གི་ཆ་ཤས་མང་ཤོས་ཅིག་ ཆུ་འཛགས་མི་ལུ་བརྟེན་ གནོད་པ་རྐྱབ་ཡོདཔ་ལས་ བྱ་ཐབས་མེད་པར་ ཉམས་བཅོས་འབད་དགོ་པའི་གནས་སྟངས་ལུ་ ལྷོད་དེ་ཡོད་ཟེར་ཨིན་པས།
ཀརྨ་ཡེ་ཤེས་ཀྱིས་ བཤད་མི་དང་འཁྲིལཝ་ད་ ཇི་ཨའི་ཟེར་མི་ལྕགས་ཀྱི་ཆུ་དུང་ཚུ་ བཙའ་ཆགས་ཏེ་ མཐུད་མཚམས་ཚུ་ནང་ལས་ ཆུ་འཛགས་དོ་ཡོདཔ་ལས་ ཇི་ཨའི་ཆུ་དུང་གི་ཚབ་ སི་པི་བི་སི་ཆུ་དུང་ བཙུགས་ནི་ཨིན་ཟེར་ཨིན་པས།
དེ་ལས་ ཆུ་དུང་བཙུགས་སའི་བྱང་ཚུ་ ཌོག་ཊར་ཕིག་སིཊ་ཟེར་མི་ ཆུ་ཐུབ་རྫས་སྦྱོར་ལག་ལེན་འཐབ་སྟེ་ ཉམས་བཅོས་འབད་ནི་ཨིན་པས།
དེ་བཟུམ་སྦེ་ སྨན་ཁང་གི་ འགོ་དཔོན་ཚུ་དང་འཁྲིལཝ་ད་ ཆུ་དུང་ལས་ ཆུ་འཛགས་མི་ཆུ་ལུ་བརྟེན་ གྱང་ཚུ་རློནམ་བཟོ་སྟེ་ མེདཔ་བཏངམ་མ་ཚད་ ཁྱིམ་ཐོག་མ་བཀབ་མི་ སྟེང་སྒོ་ནང་ལས་ ཆུ་འཛགས་མི་ལུ་བརྟེན་ གནམ་བྱཱར་ལུ་ གཤག་བཅོས་ཁང་དང་ མོ་ནད་ནད་ཤག་ གློ་བུར་སྨན་བཅོས་སྡེ་ཕྲན་གྱི་ཁང་མི་ཚུའི་ གནམ་པང་གུ་ལས་ ཆུ་འཛགས་དོ་ཡོདཔ་ཨིན་པས།
བདག་སྐྱོང་འགོ་དཔོན་ ཀརྨ་ཡེ་ཤེས་ཀྱིས་ སླབ་མིའི་ནང་ གསང་སྤྱོད་དང་ཁྲུས་ཁང་གི་ རྫ་ལེབ་ཚུ་ཡང་ བཏོན་ཞིནམ་ལས་ དེའི་འོག་ལུ་ཡོད་པའི་བྱང་དང་ གནམ་པང་ཚུ་ ཌོག་ཊར་ཕིག་སིཊ་གི་རྫས་སྦྱོར་བླུགས་ཏེ་ ཉམས་བཅོས་འབད་ནི་ཨིན་པས།
དེ་ལས་ ཉམས་བཅོས་སྦོམ་ཤོས་ཅིག་ སྨན་ཁང་གི་ཐོག་ཁར་ གདོང་ཕྱོགས་ལུ་ཡོད་པའི་ ཁྱིམ་ཐོག་མ་བཀབ་མི་ རྒྱ་སྦོམ་སྦེ་ཡོད་མི་ སྟེང་སྒོ་དེ་ཨིནམ་ད་ རྒྱ་ཚད་མི་ཊར་གྲུ་བཞི་༡༧༠༠ ལས་ མི་ཊར་གྲུ་བཞི་༡༠༠༠ ལྷགཔ་ཅིག་ ཁྱིམ་ཐོག་མེད་མི་ས་སྒོ་དེ་ནང་ ཆུ་བསགས་སྡོདཔ་མ་ཚད་ སེར་གུ་ཐོན་མི་ཚུ་ནང་ལས་ ཆུ་འཛགས་དོ་ཡོད་མི་དེ་ཡང་ ཌོག་ཊར་ཕིག་སིཊི་རྫས་སྦྱོར་བླུག་ཞིནམ་ལས་ ཉམས་བཅོས་འབད་ནི་ཨིནམ་ད་ ཅ་ཆས་དེ་བླུག་ཞིནམ་ལས་ སྐམ་ནིའི་དོན་ལུ་ གནམ་གཤིས་གནས་སྟངས་ ལེགས་ཤོམ་དགོཔ་ཨིན་པས།
དེ་བཟུམ་སྦེ་ སྨང་ཁང་གི་ གློ་བུར་སྨན་བཅོས་སྡེ་ཕྲན་གྱི་ཁྱིམ་ཚུ་ ད་ལྟོ་ ཁང་མིག་དང་ གྱང་ཚུ་གིས་བཅད་ཡོད་མི་ཚུ་ སྒྲིག་གཡོག་ནང་ཡོད་མི་ སྨན་བཅོས་འགོ་དཔོན་ཚུ་གིས་ རང་སོའི་ཁང་མིག་ནང་ལས་ ཕྲངམ་ཕྲང་སར་མཐོང་ནིའི་དོན་ལུ་ གྱང་ཚུ་སྤོག་བཀོག་ཞིནམ་ལས་ སྦོམ་སྦེ་ ཁང་མིག་༡ གུ་བཟོ་ནི་ཨིན་པས།
ལཱ་དེ་ དུས་ཅི་ སྤྱི་ཟླ་༦ པ་ལས་འགོ་བཙུགས་ ཟླཝ་༦ གྱི་ནང་འཁོད་ལུ་ མཇུག་བསྡུ་དགོཔ་ཨིན་རུང་ སྨན་ཁང་གི་ འགོ་དཔོན་ཚུ་དང་འཁྲིལཝ་ད་ ཉམས་བཅོས་ཀྱི་ལཱ་ཚུ་ སྨན་སྤྱོད་ཞབས་ཏོག་ལུ་ ཐོ་མ་ཕོག་པར་སྤྲོད་བཞིན་དུ་ཡོདཔ་ལས་ དུས་ཐོག་ལུ་ མཇུག་བསྡུ་མ་ཚུགས་པའི་ཚ་གྱང་ཡོད་རུང་ ཁག་འབག་གིས་ ལཱ་རྩ་འགེངས་ཏེ་ར་ འབད་བཞིན་ཡོད་ཟེར་ཨིན་པས།
དེ་ཡང་ བདག་སྐྱོང་འགོ་དཔོན་ ཀརྨ་ཡེ་ཤེས་ཀྱིས་ སླབ་མིའི་ནང་ དུས་རྒྱུན་གསོ་བའི་ཞབས་ཏོག་ལུ་ ཐོ་ཕོག་མི་བཅུག་ནིའི་དོན་ལུ་ ཞལ་འཛོམས་ཚོགས་ཞིནམ་ལས་ ནད་ཤག་དང་སྡེ་ཕྲན་ཚུ་ ཁང་མིག་དེ་ཚུ་ནང་ ལཱ་འབད་བའི་སྐབས་ སྤོ་བཤུད་འབད་ནིའི་ ལས་རིམ་ཡོད་ཟེར་ཨིན་པས།
སྨན་ཁང་ཉམས་གསོའི་དོན་ལུ་ འབྲུག་གཞུང་གིས་ མ་དངུལ་ས་ཡ་༢༢ གནང་ཡོདཔ་ཨིན་པས།
ཤར་ཕྱོགས་རྫོང་ཁག་༦ གི་མི་སེར་ཚུ་ལུ་ ཕན་ཐོགས་མི་ ལུང་ཕྱོགས་གཙོ་བསྟེན་སྨན་ཁང་དེ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༥༣༥ བཏང་ཐོག་ལས་ བཟོ་སྐྲུན་འབད་བའི་ཤུལ་ལས་ སྤྱི་ལོ་༢༠༠༨ ཟླ་༦ པའི་ནང་ འགོ་འབྱེད་འབད་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

 

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *