མོང་སྒར་ལུ་ སློབ་ཕྲུག་བུཚ་༡ གིས་ རང་སྲོག་བཅད་ཡོདཔ།

༉ ཁ་ཙ་དྲོ་པ་ མོང་སྒར་འབྲིང་རིམ་སློབ་གྲྭ་འོག་མའི་ནང་ སློབ་ཕྲུག་༡ གིས་ རང་སྲོག་བཅད་མི་ལུ་བརྟེན་ ཁ་ཙ་ཉིན་མ་ལས་ སློབ་གྲྭ་སྒོ་བསྡམས་ཏེ་ སློབ་ཕྲུག་ཚུ་ ངལ་གསོ་སྦེ་བཞག་ཅི།

བྱུང་རྐྱེན་དེ་ཡང་ སྐྱེས་ལོ་༡༤ ལང་མི་ སློབ་རིམ་༧ པའི་ སློབ་ཕྲུག་བུཚ་དེ་གིས་ དྲོ་པ་ སློབ་དུས་འགོ་བཙུགས་པའི་ཤུལ་ལུ་ ཆབ་གསང་གི་དུས་ཚོད་མཇུག་བསྡུ་སྟེ་ ལོག་སློབ་ཁང་ནང་བཀུག་པའི་སྐབས་ སློབ་གྲྭའི་གསང་སྤྱོད་ནང་ ཁོ་རའི་སྐེ་རགས་ཀྱིས་ ཨོལ་ལྐོག་བསྡམས་ཏེ་ ཤི་ཡོདཔ་སྦེ་མཐོང་ནུག།

ཉམས་རྒུདཔ་དེ་གིས་ ཁོ་རའི་ ཆ་རོགས་དག་པ་ཅིག་ལུ་ སྨན་ཁང་ནང་ འགྱོ་ནི་ཨིན་ཟེར་ སླབ་དེས་ཟེར་ཨིན་པས།

སློབ་གྲྭའི་དབུ་འཛིན་ སངས་རྒྱས་རྡོ་རྗེ་གིས་ སླབ་མིའི་ནང་ ཉམས་རྒུདཔ་བུཚ་དེ་ དྲོ་པའི་ཐུན་ཚན་༢ པ་ཚུན་ སློབ་ཁང་ནང་སྡོད་ཡོད་རུང་ ཐུན་ཚན་༣ པ་ལས་ སློབ་ཁང་ནང་ མ་འོངམ་བཞིན་དུ་ སློབ་ཕྲུག་བུཚ་ཅིག་གིས་ གསང་སྤྱོད་ནང་ ཤི་ཡོདཔ་སྦེ་མཐོང་ཞིནམ་ལས་ སློབ་དཔོན་ཅིག་ལུ་ སྙན་ཞུ་འབད་བའི་ཤུལ་ལས་ ཤེས་རྟོགས་བྱུང་ཡི་ཟེར་ཨིན་པས།

སངས་རྒྱས་རྡོ་རྗེ་གིས་ སླབ་མིའི་ནང་ ཉམས་རྒུད་པའི་ཕུངམོ་དེ་ རྫོང་ཁག་བདག་སྐྱོང་དང་ སློབ་གྲྭ་གིས་ ཁྲིམས་སྲུང་འགག་པའི་གདོང་ཁར་སྦེ་ ཚེ་འདས་ཀྱི་ ནང་མི་ཚུ་ལུ་ རྩིས་སྤྲོད་འབད་ཡི་ཟེར་ཨིན་པས།

གནས་ཚུལ་བཤད་མི་ཚུ་དང་འཁྲིལཝ་ད་ ཉམས་རྒུདཔ་བུཚ་དེ་གི་ཕམ་༢ ཁ་བྱལ་སོང་ཡོདཔ་མ་ཚད་ ཨའི་ཡང་གྱོངས་ཡོདཔ་ད་ ཨ་པ་གིས་ ཨམ་ཅུམ་འཚོལ་འགྱོ་ནི་དེ་གིས་ མོང་སྒར་ལུ་ ཚོང་རྐྱབ་སྡོད་མི་ ཁོ་རའི་ཨ་ཞང་དང་གཅིག་ཁར་ སྡོདཔ་མས་ཟེར་ཨིན་པས།

ཉམས་རྒུད་པའི་ཕུངམོ་དེ་ ཁ་ཙ་ ཁྲོམ་གྱི་ས་ཁོངས་ཅིག་ནང་ གུར་སྤུབས་ཞིནམ་ལས་ བཞག་ཡོདཔ་བཞིན་དུ་ ཚོང་པ་ཚུ་གིས་ ཆ་རོགས་འབད་ཡོདཔ་ཨིན་པས།

མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ནང་ལས་ ཕུངམོ་བརྟག་དཔྱད་འབད་མི་ ཌོག་ཊར་ཅིག་གིས་ སླབ་མིའི་ནང་ ཆང་དང་ སྨྱོ་རྫས་ཚུ་ ལག་ལེན་འཐབ་མ་འཐབ་ཀྱི་ བརྟག་དཔྱད་དོན་ལུ་ ལུང་ཕྱོགས་སྨན་ཁང་ནང་ ཚན་རིག་ཅན་གྱི་ བརྟག་དཔྱད་མཁས་མཆོག་མེད་ནི་དེ་གིས་ ཁྲག་གི་དཔེ་ཚད་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ ཚན་རིག་བརྟག་དཔྱད་སྡེ་ཚན་ནང་ ད་རིས་ གཏང་ནི་ཨིནམ་ལས་ ཉིནམ་༣ དང་༤ གི་རྒྱབ་ལས་ གྲུབ་འབྲས་འཐོབ་ཚུགས་ཟེར་ཨིན་པས།

ཁྲིམས་སྲུང་འགག་པ་གིས་ བྱ་ངན་གཞན་འཐབ་ཡོད་པའི་ དོགས་པ་ཚུ་ ག་ནི་ཡང་མེད་རུང་ གནད་དོན་དེ་ ཞིབ་དཔྱད་འབད་བའི་བསྒང་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *