ཨར་མི་ཝམ་ཟེར་མི་འབུབ་ཀྱིས་ གེ་ཟ་ཤིང་མེདཔ་བཏང་པའི་མཐོང་སྣང་།

མོང་སྒར་ལུ་ གེ་ཟའི་འབུབ་ཁྱབ་སྤེལ་སོང་ཡོདཔ།

༉ ད་རེས་ནངས་པར་ མོང་སྒར་ཆ་གླིང་སྨད་ལུ་ ཁྱིམ་གུང་༥༠ དེ་ཅིག་གི་ ལོ་ཐོག་གེ་ཟ་ཚུ་ ཨར་མི་ཝམ་ཟེར་མི་འབུབ་ཀྱིས་ མེདཔ་བཏང་མི་ལུ་བརྟེན་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས།

ཆ་གླིང་སྤྱི་འོག་ནང་ལས་ གེ་ཟ་ཞིང་ཨེ་ཀར་༡ དེ་ཅིག་ འབུབ་ཀྱིས་མེདཔ་བཏང་ཡོད་མི་ པདྨ་ཀུན་བཟང་གིས་ སླབ་མིའི་ནང་ སོ་ནམ་པ་རེ་ལུ་ ཉུང་ཤོས་ས་ཞིང་གླང་དོ་༡ ལས་ མཐོ་ཤོས་ཨེ་ཀར་ཕྱེད་དང་༢ ཀྱི་བར་ན་ཡོད་མི་ གེ་ཟ་ཚུ་ མེདཔ་བཏང་ཡོད་ཟེར་ཨིནམ་ད་ ཁྱིམ་གུང་པ་ཅིག་གིས་ ཞིང་རྨོ་སྟེ་ གེ་ཟའི་སོན་ཡང་ ལོག་བཏབ་ནུག་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ གེ་ཟ་ལུ་ འབུབ་བཏགས་མི་དེ་ཡང་ དུས་ཅི་ ཆརཔ་དུས་ཚོད་ཁར་ མ་རྐྱབ་མི་ལུ་བརྟེན་ ཨིནམ་འོང་ནི་མས་ཟེར་ཨིནམ་ད་ ལོ་ཐོག་གེ་ཟ་དེ་ ཆ་གླིང་རྒེད་འོག་ནང་ འོང་འབབ་ཀྱི་ འབྱུང་ཁུངས་གཙོ་བོ་ཅིག་ཨིན་མི་དེ་ཡང་ གེ་ཟ་སྲིབ་བརྡུངས་ཏེ་ ཚོང་འབྲེལ་འཐབ་ནི་དེ་གིས་ཨིན་པས།

ཨིན་རུང་ འབུབ་ཚུ་གིས་ གེ་ཟ་ཤིང་ཚུ་ལུ་ གནོད་སྐྱོན་རྐྱབ་མི་ལུ་བརྟེན་ གྲོང་གསེབ་མི་ཚུ་ དུས་ཅི་ འོང་འབབ་ག་དེ་སྦེ་ བཟོ་ཚུགས་ག་ ཚ་གྱང་ལང་སྟེ་ཡོད་ཟེར་ པདྨ་ཀུན་བཟང་གིས་ བཤདཔ་ཨིན་པས།

རྒེད་འོག་སོ་ནམ་རྒྱ་སྐྱེད་གོངམ་ བློ་བཟང་ཆོས་གྲགས་ཀྱིས་ སླབ་མིའི་ནང་ ཆ་གླིང་སྤྱི་འོག་ནང་ ཁྱིམ་གུང་པ་མང་ཤོས་ཅིག་གི་ གེ་ཟའི་ཞིང་མེདཔ་བཏང་ཡོད་རུང་ ཁྱིམ་གུང་པ་༥ དེ་ཅིག་གི་ གེ་ཟ་ཞིང་ཚུ་ རྩ་བ་ལས་ མེདཔ་བཏང་ཡོདཔ་ལས་ གེ་ཟའི་སོན་ལོག་བཏབ་ནི་ལུ་ གྲ་སྒྲིག་འབད་བའི་བསྒང་ཡོད་ཟེར་ཨིན་པས།

ཞིང་གཞན་ཚུ་ནང་ འཕྲལ་ཁམས་ཅིག་ཁར་ ཆརཔ་རྐྱབ་མི་ལུ་བརྟེན་ གེ་ཟ་ལོག་སྐྱེས་ནི་འགོ་བཙུགས་ཏེ་ཡོདཔ་ད་ གེ་ཟའི་འབུབ་ཁྱབ་སྤེལ་འགྱོ་མི་དེ་ཡང་ མི་ཚུ་གིས་ ཚད་འཛིན་གྱི་ ཐབས་ལམ་མ་བཏོན་མི་ལུ་བརྟེན་ཨིན་མས་ཟེར་ བཤདཔ་ཨིན་པས།

བློ་བཟང་ཆོས་འཕེལ་གྱིས་ སླབ་མིའི་ནང་ རྒེད་འོག་ནང་ འབུབ་སྨན་ཚུ་ ཧེ་མ་ལས་ སྒོ་བཤལ་རྐྱབ་སྟེ་ སྤྲོད་ཡོད་རུང་ སོ་ནམ་པ་ཚུ་གིས་ རང་ཟླ་༤ པ་ས་ག་ཟླ་བའི་ དུས་ཆེན་ཨིནམ་ལས་ སྡིག་པ་ལུ་འཚེར་ཏེ་ འབུབ་སྨན་མ་གཏོར་བར་ བཞག་པའི་སྐབས་ འབུབ་ཁྱབ་སྤེལ་སོང་ནུག་ཟེར་ཨིན་པས།

དེ་བཟུམ་སྦེ་ འབུབ་དེ་གིས་ རྒེད་འོག་མང་ཤོས་ཅིག་ནང་ར་ གནོད་པ་བཀལ་ཡོད་རུང་ མཐོ་ཤོས་ས་གླིང་རྒེད་འོག་ནང་ ཁྱིམ་གུང་པ་༡༡ གི་ གེ་ཟ་ཞིང་ཨེ་ཀར་༦ མ་ལངམ་ཅིག་ མེདཔ་བཏང་ཡོདཔ་མ་ཚད་ སྐྱེངས་མཁར་ལུ་ ཁྱིམ་གུང་༨ དང་ དགོངས་འདུས་ལུ་ ཁྱིམ་གུང་༤ དེ་ཅིག་གི་ གེ་ཟ་མེདཔ་བཏང་ནུག་ཟེར་ཨིན་པས།

དེ་གིས་མ་དོ་བར་ དགྲ་མེད་རྩེ་རྒེད་འོག་ནང་ཡང་ ཁྱིམ་གུང་༡༥ འི་གེ་ཟའི་ཞིང་ཨེ་ཀར་༨ དེ་ཅིག་ མེདཔ་བཏང་ཡོདཔ་ལས་ གེ་ཟའི་སོན་ལོག་བཏབ་ཡོདཔ་ད་ མོང་སྒར་རྒེད་འོག་ རི་ད་ཟ་དང་ ཧུ་རུང་སྤམ་གཡུས་ཚན་ནང་ ཁྱིམ་གུང་༡༠ གྱི་ གེ་ཟ་མེདཔ་བཏང་ཡོད་རུང་ དུས་ཚོད་ཁར་ འབུབ་སྨན་གཏོར་མི་ལུ་བརྟེན་ ཚད་འཛིན་འབད་ཚུགས་ཅི་ཟེར་ རྒེད་འོག་སོ་ནམ་རྒྱ་སྐྱེད་འགོ་དཔོན་ སངས་རྒྱས་ཀྱིས་ བཤདཔ་ཨིན་པས།

རྫོང་ཁག་སོ་ནམ་འགོ་དཔོན་གྱིས་ སླབ་མིའི་ནང་ ཀ་ལ་སྤང་ལུ་ཡང་ དུས་བཟང་གི་ཟླཝ་འབད་ནི་དེ་གིས་ འབུབ་སྨན་མ་གཏོར་བར་བཞག་ནུག་ཟེར་ཨིན་པས།

རྒེད་འོག་ལ་ལོ་ཅིག་གིས་ འབུབ་ཀྱི་གནོད་སྐྱོན་སྐོར་ལས་ སྙན་ཞུ་འབད་ཡོད་རུང་ ལ་ལོ་གིས་ སྙན་ཞུ་མ་འབད་བར་ཡོདཔ་ད་ སོ་ནམ་འགོ་དཔོན་ཚུ་གིས་འབད་བ་ཅིན་ འབུབ་དེ་ཡང་ ཉིམ་ཤར་གནམ་སྤུབས་སྡོད་དེ་ དུས་ཚོད་ཁར་ ཆརཔ་མ་རྐྱབ་མི་ལུ་བརྟེན་ ཁྱབ་སྤེལ་འགྱོཝ་ཨིན་རུང་ ཉིནམ་༢ དང་༣ གྱི་རིང་ ཆརཔ་མ་ཆད་པར་རྐྱབ་པ་ཅིན་ འབུབ་དེ་ཤིཝ་ཨིན་ཟེར་ཨིན་པས།

འབུབ་ཁྱབ་སྤེལ་འགྱོ་མིའི་ གནད་དོན་གཞན་དེ་ སོ་ནམ་པ་ཚུ་གིས་ ལོ་ཐོག་སོར་ཏེ་ མ་བཏབ་ནི་དེ་གིས་ཡང་ཨིན་མས་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།

ཐང་རོང་རྒེད་འོག་ནང་འབད་བ་ཅིན་ ཉིནམ་ཤུགས་སྦེ་ ཤར་མི་ལུ་བརྟེན་ ཁྱིམ་གུང་༥༨ ཀྱི་ གེ་ཟའི་ཞིང་མེདཔ་བཏང་ཡོདཔ་ཨིན་པས།

རྫོང་ཁག་སོ་ནམ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གནོད་སྐྱོན་བྱུང་པའི་ སྙན་ཞུ་ལྷོད་མི་ཚུ་ ཆེ་མཐོའི་རྐྱེན་ངན་ཚབས་ཆེན་ཚོགས་ཆུང་ལུ་ ཕུལ་ཏེ་ཡོད་ཟེར་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *