མོང་སྒར་ལུ་ གནམ་ལོ་བྱི་ལོའི་ཤུལ་བཞག།

༉ གནམ་ལོ་ལྕགས་ཕོ་བྱི་ལོ་ནང་ ནད་ཡམས་ཀོ་བིཌ་-༡༩ འི་ དུས་ཚོད་ནང་ མོང་སྒར་ལུ་ རྒྱལ་པོའི་མགྲོན་ཁྱིམ་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཤར་ཕྱོགས་ལུང་ཕྱོགས་ཀྱི་ ཀོ་བིཌ་སྨན་ཁང་བཟོ་ནིའི་དོན་ལུ་ གསོལ་རས་སྦེ་ གནང་པའི་ཤུལ་ལས་ རྐྱང་གནས་ལྟེ་བ་བཟོ་སྟེ་ ཤར་ཕྱོགས་དང་ དབུས་ཕྱོགས་ལུང་ཕྱོགས་ནང་ལས་ ཀོ་བིཌ་-༡༩ ཐོབ་མི་ ནདཔ་༨ བཞག་ནུག།

ལོ་དེ་གི་ ཤུལ་བཞག་དེ་ སྤྱི་ཟླ་༧ པའི་ཚེས་༣ ལུ་ རྫོང་ཁག་བདག་སྐྱོང་གིས་ གཞུང་ས་ནང་ ཚུལ་མིན་ཐོག་ལས་རྐྱབ་མི་ ཐོག་ཚད་༢ འབད་མི་ སྒྲིང་ཁྱིམ་བརྡལ་བཤིག་བཏང་ཡོདཔ་བཞིན་དུ་ དེ་བཟུམ་སྦེ་ གནང་བ་མེད་པར་རྐྱབ་མི་ ཁང་ཁྱིམ་༡༠ ལྷགཔ་ཅིག་ཡོད་མི་ཚུ་ཡང་ བརྡལ་གཏང་ནིའི་དོན་ལུ་ བྱི་ལོ་གིས་ གླང་ལོ་ལུ་ ནམ་རྩིས་སྤྲོད་འོང་ག་ སྒུག་སྟེ་འདུག།

སྤྱི་ཟླ་༡༠ པའི་ནང་ མོང་སྒར་མར་ཁུ་བཀྲམ་སྤེལ་ཁང་ལུ་ མར་ཁུ་མེད་པར་ ཉིནམ་༢ དང་ རྒྱལ་པོའི་ཞིང་མར་ཁུ་བཀྲམ་སྤེལ་ཁང་ནང་ བདུན་ཕྲག་༡ དེ་ཅིག་ ལུས་མི་ལུ་བརྟེན་ བཟོ་སྐྲུན་ལས་སྡེ་ནང་ ལཱ་འབད་མི་ཚུ་ལུ་ ཐོ་ཕོག་ཡོདཔ་ཨིན་པས། 

ནད་ཡམས་ལུ་བརྟེན་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་གྲྭ་ཚུ་ སྒོ་བསྡམས་པའི་ཤུལ་ལས་ མོང་སྒར་རྫོང་ཁག་གི་ སློབ་གྲྭ་ཁག་ཚུ་ སྤྱི་ཟླ་༧ པའི་ཚེས་༡ ལུ་ ལོག་སྒོ་ཕྱེ་བའི་སྐབས་ སློབ་ཕྲུག་༡༥ ལོག་ལྷོད་མ་ཚུགས་མི་དེ་ཡང་ ལ་ལོ་ཅིག་ ཆོས་ནང་འཛུལ་ ལ་ལོ་གཉེན་རྐྱབ་སྟེ་ སྡོད་ཡོདཔ་མ་ཚད་ ལ་ལོ་ཅིག་ ཤུལ་མའི་ལོ་ནང་ ལོག་འཕྲོ་མཐུད་ལྷབ་ནི་སྦེ་སྡོད་ནུག།

སྤྱི་ཟླ་༧ པའི་ནང་ ཆརཔ་ཤུགས་སྦེ་ རྐྱབ་མི་ལུ་བརྟེན་ རྒྱལ་པོའི་ཞིང་དང་ ངང་ལམ་བར་ནའི་ གཞུང་ལམ་བདའ་སྟེ་ ཁག་མང་རབས་ཅིག་ ཆད་ནི་དེ་གིས་ མོང་སྒར་དང་རྒྱལ་པོ་ཞིང་ བཀྲ་ཤིས་སྒང་ཚུ་ནང་ བཟའ་འཐུང་སྐྱེལ་མི་ སྣུམ་འཁོར་ཊཱག་༢༠ ལྷགཔ་ཅིག་ བདུན་ཕྲག་ལས་བཅད་དེ་ ཐོགས་ལུས་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ མཐའ་ཟུར་གྱི་ ཐང་རོང་རྒེད་འོག་ དག་ས་གཡུས་ཚན་ནང་ ཞིང་ལམ་གསརཔ་གི་ ཆུ་གཡུར་ལས་ ས་རུད་དང་ ཆུ་རུད་ལུ་བརྟེན་ ཁྱིམ་གུང་༥ གི་ ས་ཞིང་ཨེ་ཀར་ལས་བཅད་དེ་ མེདཔ་བཏང་ཡོདཔ་མ་ཚད་ རྡོ་བུད་འོང་མི་དེ་གིས་ ཁྱིམ་གུ་ཕོག་ཡོདཔ་བཞིན་དུ་ མི་ཚུ་གནམ་བྱཱར་ཨ་རྟག་རང་ ཉེན་འཚུབས་ནང་ སྡོད་དགོ་ནི་དེ་གིས་ གཡུས་ཀྱི་ལྟག་ལུ་ཡོད་མི་ རྩྭ་འབྲོག་ནང་ གཞིས་གསར་གྱི་ ཞུ་བ་ཕུལ་ཡོད་རུང་ ད་ལྟོ་ རྫོང་ཁག་ལས་ ངོས་ལེན་མ་ཐོབ་པས།

བྱི་ལོ་ནང་ གླིང་མི་ཐང་ལུང་ཕྱོགས་ཕགཔ་དང་ བྱ་གསོ་སྐྱོང་ལྟེ་བ་གིས་ ཤར་ཕྱོགས་ལུང་ཕྱོགས་ནང་ བྱ་གསོ་སྐྱོང་ཁང་ ཡར་སེང་འགྱོ་མི་དང་བསྟུན་ བྱི་ཅུང་གི་ མཁོ་འདོད་བཀོད་མི་ མངམ་ཐོན་མི་ལུ་ སྐྱེལ་སྤྲོད་འབད་མ་ཚུགས་པའི་ གདོང་ལེན་བྱུང་ནུག།

འཆར་ལོ་༢༠༡༩-༢༠ ནང་ བྱི་ཅུང་༡༥༤,༠༠༠ དགོ་པའི་ མཁོ་འདོད་ལྷོད་ཡོད་རུང་ ལྟེ་བ་གིས་ བྱི་ཅུང་༡༡༥,༠༠༠ རྐྱངམ་གཅིག་ ཐོན་སྐྱེད་འབད་ཚུགས་པའི་ ནུས་ཚད་ཡོདཔ་ཨིན་པས།

དེ་ལས་ འགྲུལ་སྐྱོད་བཀག་དམ་༢ པའི་ནང་ སྒྲིག་གཞི་ལུ་མ་གནས་པའི་ གནད་དོན་ཚུ་ ཐོན་ཡོད་མི་དེ་ཡང་ སྔ་ཚང་རྒེད་འོག་ནང་ ཉི་ལོག་གི་སྐབས་ལུ་ མདའ་རྩེདཔ་༡༦ གིས་ མདའ་རྩེད་ཡོདཔ་ལས་ ད་ལྟོ་ རྫོང་ཁག་ཁྲིམས་ཀྱི་འདུན་སར་ རྩོད་བཤེར་འབད་བའི་བསྒང་ཡོདཔ་ད་ དེ་བཟུམ་སྦེ་ ས་གླིང་རྒེད་འོག་ ཁྲི་དྭངས་སྦིས་གཡུས་ཚན་ནང་ ཨམ་སྲུ་༨ འབད་མི་སྡེ་ཚན་ཅིག་གིས་ ཁུ་རུ་རྩེད་ཡོད་པའི་ རྩོད་དོན་དེ་ཡང་ ཁྲིམས་ཀྱི་འདུན་སར་ ལྷོད་དེ་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *