གནམ་དགུན་གྱི་ ཨེ་མ་འཛུགས་སྐྱོང་འབད་མི་ཚུ་ ཐོན་སྐྱེད་ལེགས་ཤོམ་ཡོདཔ་ཨིན་མས།

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས།

དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ ད་ཚུན་ ལཱ་མ་འབད་བར་ས་སྟོངམ་སྦེ་བཞག་མི་ ས་ཞིང་ཨེ་ཀར་༡༠ དེ་ཅིག་ནང་ ཨེ་མ་ཆུང་ཀུ་ འཛུགས་སྐྱོང་འབད་མི་དེ་གིས་ ཨེ་མ་ཀེ་ཇི་༡,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནུག།

འཐུས་མི་༡༥ འབད་མི་ སྡེ་ཚན་དེ་གིས་ སེམས་ཤུགས་ཐོབ་མི་ལུ་བརྟེན་ དུས་ཅི་ གནམ་དགུན་ལུ་ཡང་ ཚོད་བསྲེའི་ལཱ་ཚུ་ འཕྲོ་མཐུད་འབད་ནིའི་ རེ་བ་སྦོམ་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ ས་གླིང་རྒེད་འོག་ བྱང་རྡུང་གཡུས་ཚན་གྱི་ སོ་ནམ་པ་སྡེ་ཚན་གྱིས་ ན་ཧིང་ ལོ་མཇུག་བསྡུ་ཁམས་ལས་ གནམ་དགུན་གྱི་ཨེ་མ་ཆུང་ཀུ་ འཛུགས་སྐྱོང་འབད་མི་དེ་ ད་ཚུན་ ཨེ་མ་ཀེ་ཇི་༧༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ཡོདཔ་ད་ འགོ་ཐོག་ལུ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༥༠༠ རེ་སྦེ་ བཙོང་བའི་ཤུལ་ལས་ ཀེ་ཇི་རེ་ལུ་དངུལ་ཀྲམ་༣༠༠ དང་༣༥༠ འི་བར་ན་ བཙོང་ཚུགས་མི་དེ་གིས་ འོང་འབབ་ལེགས་ཤོམ་བཟོ་ཚུགས་ནུག།

ས་གླིང་རྒེད་འོག་ནང་ སོ་ནམ་པ་སྡེ་ཚན་ཚུ་གི་གྲས་ལས་ འཐུས་མི་༡༩ འབད་མི་ གེ་ཟ་དུས་བྱུང་ཚོགས་པ་གིས་ ན་ཧིང་ སྤྱི་ཟླ་༡༠ པའི་ནང་ ཨེ་མའི་སོན་བཏབ་ཞིནམ་ལས་ སྤྱི་ཟླ་༡༢ པའི་ནང་ ལྕངམ་སྤོ་ཞིནམ་ལས་ ཆུ་ཞིང་ཨེ་ཀར་༣ ནང་ མོ་བཏབ་དོན་ལུ་ ཨེ་མ་ཆུང་ཀུ་ འཛུགས་སྐྱོང་འབད་ཡོདཔ་ད་ སྡེ་ཚན་གྱི་འཐུས་མི་ཚུ་གིས་ སང་ཕོད་ལས་ ཞིང་གི་ཚད་གཞི་རྒྱ་སྐྱེད་འབད་ནིའི་ སེམས་ཤུགས་ཐོབ་ཡོདཔ་ཨིན་པས།

སྡེ་ཚན་གྱི་ འཐུས་མི་ཚུ་གིས་འབད་བ་ཅིན་ མོ་བཏབ་ལས་རིམ་དེ་ མཐར་འཁྱོལ་བྱུང་ཡོདཔ་ལས་ མོང་སྒར་རབ་སྡེ་གྲྭ་ཚང་གི་ ཆུ་ཞིང་ཨེ་ཀར་༢༥ ཡོད་མི་ ཆ་མཉམ་ནང་ དུས་ཅི་ལས་ ཨེ་མ་འཛུགས་སྐྱོང་འབད་ནིའི་ རེ་བ་ཡོད་ཟེར་ཨིན་པས།

ས་གནས་ནང་ འགོ་ཐོག་ལས་རིམ་ཅིག་ཨིན་མི་དེ་ རྫོང་ཁག་སོ་ནམ་ལས་ཚན་དང་ གླིང་མི་ཐང་ཡན་ལག་སོ་ནམ་ཞིབ་འཚོལ་དང་གོང་འཕེལ་ལྟེ་བ་དང་ རྒེད་འོག་སོ་ནམ་རྒྱ་སྐྱེད་ཡིག་ཚང་གིས་ འཕྲུལ་རིག་གི་ རྒྱབ་སྐྱོར་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

ལས་རིམ་དེ་ དཔལ་འབྱོར་སེམས་ཤུགས་འཆར་གཞི་གིས་ མ་དངུལ་གྱི་ རྒྱབ་སྐྱོར་གནང་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ད་ ཐོན་སྐྱེད་ཚུ་ བསྡུ་ཚར་དོ་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ དགོངས་འདུས་རྒེད་འོག་ ཡངས་བ་རི་ལུ་ཡང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་མི་ལུ་བརྟེན་ དུས་ཅི་ གནམ་བྱཱར་གྱི་ ཨེ་མ་འཛུགས་སྐྱོང་འབད་མི་དེ་ ད་ཚུན་ ཨེ་མ་ཆུང་ཀུ་ཨེ་ཇི་༡,༢༠༠ དེ་ཅིག་ ངང་ལམ་དང་ རྒྱལ་པོའི་ཞིང་ཁྲོམ་ཁར་ བཙོང་དོ་ཡོདཔ་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

About admin

Check Also

ཆུའི་གཙོ་རིམ་ལས་འགུལ་ལུ་བརྟེན་ འཐུང་ཆུ་དང་ ཞིང་ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ བུམ་ཐང་ ཨུ་ར་རྒེད་འོག་ སྟངས་སི་སྦིས་སྤྱི་འོག་གི་ མི་སེར་ཚུ་ ཟླཝ་༣ གྱི་རྒྱབ་ལས་ ཨ་རྟག་བཟུམ་སྦེ་ ཆུའི་དཀའ་ངལ་མི་འབྱུང་ནི་ཨིན་མི་དེ་ཡང་ ཆུའི་གཙོ་རིམ་ལས་འགུལ་འོག་ གཞུང་དང་བདེ་སྲུང་མཉམ་འབྲེལ་ཐོག་ ཞིང་ཆུ་དང་འཐུང་ཆུའི་ལས་འགུལ་ འགོ་བཙུགས་ནི་དེ་གིས་ཨིན་པས། ཁ་ཙ་ ལས་འགུལ་གྱི་ …

Leave a Reply

Your email address will not be published. Required fields are marked *