མོང་སྒར་ལུ་བཟོ་མི་ རྩི་སའི་པག་ཅུ་ཚུ་ལུ་ མཁོ་འདོད་ལེགས་ཤོམ་ཡོདཔ།

༉ འདས་པའི་ལོ་༣ གྱི་ཧེ་མར་ སྐྱེས་ལོ་༣༩ ལང་མི་ སངས་རྒྱས་བསྟན་འཛིན་གྱིས་ མོང་སྒར་རྒྱལ་པོའི་ཞིང་ལུ་ རྩི་སའི་པག་ཅུ་བཟོ་ཁང་ཅིག་ གཞི་བཙུགས་འབད་ནིའི་དོན་ལས་ འཆར་གཞི་རྩམ་པའི་སྐབས་ ཚོང་ལམ་ག་དེ་སྦེ་འོང་ག་ཟེར་ ཚ་གྱང་ལང་ཡོད་རུང་ ད་རེས་འབདཝ་ད་ ཁོ་གི་ རྩི་སའི་པག་ཅུ་གི་ཐོན་སྐྱེད་ཚུ་ ལེགས་ཤོམ་སྦེ་ ཚོང་འབྲེལ་འཐབ་ཚུགས་ནི་དེ་གིས་ སེམས་དགའ་སྟེ་འདུག།
ཁོ་གིས་ སྤྱི་ལོ་༢༠༡༧ གྱི་ཟླཝ་དང་པའི་ནང་ གྲོང་གསེབ་ཚོང་འབྲེལ་གོང་འཕེལ་ལས་འཛིན་ལས་ སྐྱིན་འགྲུལ་དངུལ་ཀྲམ་ས་ཡ་༤ མ་ལངམ་ཅིག་ ལེན་ཞིནམ་ལས་ རྒྱ་ནག་ལས་ རྩི་སའི་པག་ཅུ་བཟོ་ནིའི་ འཕྲུལ་ཆས་མཁོ་སྒྲུབ་འབད་དེ་ རྒྱལ་པོའི་ཞིང་བརྡ་དོན་འཕྲུལ་རིག་མཐོ་རིམ་སློབ་གྲྭའི་ལྟག་ལུ་ སྒེར་གྱི་ས་ཆ་ གླ་ཁར་ལེན་ཞིནམ་ལས་ ཀུན་ཁྱབ་མུན་གསལ་སྣང་བ་ཟེར་མི་ རྩི་སའི་པག་ཅུ་བཟོ་ཁང་ འགོ་བཙུགས་ཡོདཔ་ཨིན་པས།
པག་ཅུ་བཟོ་ཁང་ གཞི་བཙུགས་འབད་བའི་ཤུལ་ལས་ ན་ཧིང་ཚུན་ པག་ཅུ་༣,༠༠༠ དེ་ཅིག་ བཟོ་བཞིན་ཡོདཔ་ད་ ཟླ་རིམ་བཞིན་དུ་ སྣུམ་འཁོར་ཊཱག་གི་དོ་༡༠ དེ་ཅིག་ བཙོང་དོ་ཡོདཔ་ད་ པག་ཅུ་ཊཱག་གི་དོ་རེ་ལུ་ དངུལ་ཀྲམ་༣༠,༠༠༠ དེ་ཅིག་ གནས་དོ་ཡོདཔ་ཨིན་པས།
སངས་རྒྱས་བསྟན་འཛིན་གྱིས་ སླབ་མིའི་ནང་ ད་ཚུན་ པག་ཅུ་ཚུ་ ལེགས་ཤོམ་སྦེ་ ཐོན་སྐྱེད་འབད་ཚུགས་པའི་ཁར་ ཚོང་འབྲེལ་ཡང་ ལེགས་ཤོམ་སྦེ་ འཐབ་ཚུགས་པས་ཟེར་ཨིན་པས།
ཁོ་གིས་ བཤད་མིའི་ནང་ པག་ཅུའི་ཐོན་སྐྱེད་ཚུ་ཡང་ ཉེ་འདབས་ཀྱི་རྫོང་ཁག་ མོང་སྒར་དང་ བུམ་ཐང་ བཀྲ་ཤིས་སྒང་ ལྷུན་རྩེ་ ངང་ལམ་ དེ་ལས་ གཡུས་ཁའི་མི་རེ་གཉིསམ་གིས་ཡང་ ཉོ་འབག་འགྱོ་ནི་འདུག་ཟེར་ཨིན་པས།
སངས་རྒྱས་བསྟན་འཛིན་གྱིས་ སླབ་མི་དང་འཁྲིལཝ་ད་ འཕྲུལ་ཆས་གཞི་བཙུགས་འབད་ཞིནམ་ལས་ རྩི་སའི་པག་ཅུ་བཟོ་ནི་ འགོ་བཙུགས་ཏེ་ ད་ལྟོ་ཚུན་ བཙོང་མ་ཚུགས་པའི་དཀའ་ངལ་ མ་ཐོན་ནི་དེ་གིས་ འཕྲུལ་ཆས་ཀྱི་དོན་ལུ་ལེན་མི་ སྐྱིན་འགྲུལ་བཏབ་ཚུགས་པའི་ཁར་ འཛིན་སྐྱོང་པ་བརྩིས་ཏེ་ ལས་མི་༡༥ དེ་ཅིག་གི་ ཟླ་རིམ་དངུལ་ཕོགས་ཡང་ སྤྲོད་ཚུགས་པའི་ཁར་ གསོག་འཇོག་དུམ་གྲ་རེ་ འབད་ཚུགས་པས་ཟེར་ཨིན་པས།
ཨིན་རུང་ དཀའ་ངལ་སྦོམ་ཤོས་དེ་ བཟོ་སའི་ས་གོ་སྦོམ་མེད་ནི་དེ་གིས་ བཟོ་ཞིནམ་ལས་ སྐམ་བཞག་སའི་ས་སྒོ་མེདཔ་ལས་ ཐོན་སྐྱེད་མངམ་འབད་མི་ཚུགས་པས་ཟེར་ ཨིན་པས།
སངས་རྒྱས་བསྟན་འཛིན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ད་ལྟོའི་ས་ཁོངས་དེ་ ས་ཆ་ཌིས་༤༠ དེ་ཅིག་ལས་མེད་ནི་དེ་གིས་ འཕྲུལ་ཆས་ལུ་ ཉིན་བསྟར་བཞིན་དུ་ པག་ཅུ་༡༥,༠༠༠ དེ་ཅིག་ བཟོ་ཚུགས་པའི་ནུས་པ་ཡོད་རུང་ དུས་ཡུན་ཆུ་ཚོད་༢ དེ་ཅིག་གི་རིང་ལཱ་འབད་དེ་ པག་ཅུ་༢༥༠༠ དེ་ཅིག་རྐྱངམ་གཅིག་བཟོ་ཞིནམ་ལས་ ལཱ་གཞན་འབད་སྡོད་དོ་ཟེར་ཨིན་པས།
དེ་མ་ཚད་ ས་གོ་དེ་ནང་ལས་ གན་ཡིག་གི་ གནས་ཡུན་དང་འཁྲིལ་ སང་ཕོད་ལོ་འགོ་བཙུགསཔ་ད་ སྤོ་བཤུད་འབད་དགོཔ་ཨིན་རུང་ ད་ལྟོ་ ས་གོ་མེད་པར་ ག་ཏེ་གཞི་བཙུགས་འབད་ནི་ཨིན་ནའི་ ཚ་གྱང་ཡོད་ཟེར་ཨིན་པས།
ད་ལྟོའི་ས་ཆ་དེ་ སྒེར་གྱི་ཨིནམ་བཞིན་དུ་ སྤྱི་ལོ་༢༠༡༧ གྱི་ཟླཝ་དང་པ་ལས་ སྤྱི་ལོ་༢༠༢༠ འི་ཟླཝ་དང་པ་ཚུན་ ལོ་༣ གྱི་དོན་ལུ་ ཟླ་རིམ་བཞིན་དུ་ གླ་འཐུས་དངུལ་ཀྲམ་༡༠,༠༠༠ རེ་སྤྲོད་ཐོག་ལས་ གླ་ཁར་ལེན་ཡོདཔ་ཨིན་པས།
ས་གོ་མེད་མི་ལུ་བརྟེན་ བོང་སྡེ་མ་བཟོ་གྲྭའི་ས་ཁོངས་ནང་ ས་ཚན་གྱི་དོན་ལུ་ ཡི་གུ་བཙུགས་ཡོདཔ་མ་ཚད་ མོང་སྒར་ལུང་ཕྱོགས་བསྟན་རྒྱས་ཡིག་ཚང་ལུ་ཡང་ བོང་སྡེ་མ་ལུ་ གནས་སྐབས་ཀྱི་ས་གོ་ཅིག་ དགོ་པའི་ཞུ་བ་ཕུལ་ཡོདཔ་བཞིན་དུ་ ལན་གསལ་ལུ་ སྒུག་དོ་ཡོདཔ་ཨིན་པས།
མོང་སྒར་ལུང་ཕྱོགས་བསྟན་རྒྱས་ཡིག་ཚང་གི་ ལུང་ཕྱོགས་མདོ་ཆེན་ངོ་ཚབ་ ཀརྨ་ཊི་རིག་འཛིན་གྱིས་ འདས་པའི་དྲི་བཀོད་ཀྱི་སྐབས་ལུ་ སླབ་དོ་བཟུམ་འབད་བ་ཅིན་ ལུང་ཕྱོགས་ཡིག་ཚང་གིས་ ཞུ་ཡིག་དེ་ ཐོབ་པའི་ཤུལ་ལས་ གནང་བ་གི་དོན་ལུ་ བསྟན་རྒྱས་ལས་ཁུངས་ལུ་ བཏང་སྟེ་ཡོད་ཟེར་ཨིན་པས།
ད་རུང་ གདོང་ལེན་གཅིགཔོ་དེ་ ནང་འཁོད་ཀྱི་ཁག་འབག་ཚུ་གིས་ སྤུས་ཚད་དང་མ་ལྡན་པའི་ རྩི་སའི་པག་ཅུ་མ་བཟོ་མི་ལུ་བརྟེན་ སྤུས་ཚད་ལུ་བརྟེན་ ཐོ་ཕོག་པ་ཅིན་ པག་ཅུ་བཟོ་ཁང་ལུ་ ཁ་གཏང་ནིའི་ཉེན་ཁ་འདུག་ཟེར་ཨིན་པས།
དེ་ཡང་ སངས་རྒྱས་བསྟན་འཛིན་དང་འཁྲིལཝ་ད་ ཁག་འབགཔ་ལ་ལོ་ཅིག་གིས་ རིན་བསྡུར་ཡིག་ཆས་ནང་ པག་ཅུ་དེ་ བཟོ་ཁང་ནང་ལས་ ལེན་དོ་ཟེར་བཀོད་ཞིནམ་ལས་ བཟོ་ཁང་ནང་ལས་ ཊཱག་དོ་དག་པ་ཅིག་ ལེན་ཞིནམ་ལས་ ལྷག་ལུས་ཚུ་ ཁོང་རའི་ བཟོ་སྐྲུན་ས་ཁོངས་ནང་ བཟོ་ནི་དེ་གིས་ ཚད་གཞི་དང་མ་འཁྲིལ་མི་ལུ་བརྟེན་ བཟོ་སྐྲུན་གྱི་སྤུས་ཚད་ལུ་ ཐོ་ཕོགཔ་མ་ཚད་ བཟོ་ཁང་ཚུ་གི་ མིང་གཏམ་ཡང་ མེདཔ་གཏང་ནི་མས་ཟེར་ ཨིན་པས།
དེ་ལུ་ གཞུང་གི་ཁ་ཐུག་ལས་ བཟོ་མ་ཆོགཔ་ དམ་དམ་བཟོ་དགོཔ་མ་ཚད་ སྤུས་ཚད་ལྟ་རྟོག་འབད་དགོཔ་འདུག་ཟེར་ཨིནམ་ད་ དེ་ཡང་ ཁོ་གི་ཚོང་འབྲེལ་དེ་ ལེགས་ཤོམ་འགྱོ་ནིའི་དོན་ལུ་མེན་པར་ བཟོ་སྐྲུན་སྤུས་ཚད་ལུ་ཐོ་ཕོག་པ་ཅིན་ གཞུང་ལུ་ཡང་ སྐུ་གྱོང་ཕོག་ནི་མས་ཟེར་ སངས་རྒྱས་རྡོ་རྗེ་གིས་ བཤདཔ་ཨིན་པས།
དེ་མིན་ ཆོག་ཐམ་བཏོགས་ཏེ་ ཁྱད་རིག་ཅན་གྱི་ ལྟ་རྟོག་པ་བཙུགས་ཞིནམ་ལས་ གཞུང་ལུ་ཁྲལ་བཏབ་སྟེ་ བཟོ་ཁང་གཞི་བཙུགས་འབད་མི་དང་ མ་འབད་མིའི་བར་ན་ ཁྱད་པར་ཡང་ མིན་འདུག་ཟེར་ཨིན་པས།
ཀུན་ཁྱབ་མུན་གསལ་སྣང་བ་པག་ཅུ་བཟོ་ཁང་ནང་འབད་བ་ཅིན་ སྤུས་ཚད་ལྟ་རྟོག་འབད་མི་ ལོ་ངོ་༡༥ འི་ཉམས་མྱོང་ཡོད་མི་ བཟོ་རིག་འགོ་དཔོན་དེ་ འཛིན་སྐྱོང་པ་སྦེ་ བཙུགས་ཡོདཔ་ལས་ ད་ཚུན་ སྤུས་ཚད་ཀྱི་ ཉོགས་བཤད་ག་ནི་ཡང་ མ་ལྷོད་ཟེར་ཨིན་པས།
ས་གནས་ཀྱི་ པག་ཅུ་བཟོ་མི་ཚུ་དང་འཁྲིལཝ་ད་ སྒེར་སྡེ་མ་བརྩིས་བར་ ཐ་ན་ གཞུང་གི་བཟོ་སྐྲུན་འབད་ས་ཚུ་ནང་ཡང་ ནང་འདྲེན་འབད་མི་ པག་ཅུ་ཚུ་ ལག་ལེན་འཐབ་བཞིན་ཡོདཔ་ཨིན་པས།
མོང་སྒར་རྫོང་ཁག་ནང་ པག་ཅུ་བཟོ་ཁང་༡ ལས་བརྒལ་མེདཔ་མ་ཚད་ ཤར་ཕྱོགས་ལུང་ཕྱོགས་ནང་ ལྷུན་རྩེ་དང་ བཀྲིས་སྒང་ལུ་ རེ་རེ་ཡོདཔ་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

 

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *