ཤེར་མུ་ཧཱུཾ་གི་མི་སེར་ཚུ་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་ སྒུག་སྡོད་པའི་བསྒང་།

མོང་སྒར་ལས་ གདམ་ངོ་༡༣ གྱིས་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ནང་ དོ་འགྲན་འབད་ནི།

༉ སྤྱི་ཟླ་༣ པའི་ཚེས་༡༤ ལུ་ མོང་སྒར་ས་གླིང་རྒེད་འོག་གིས་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ དགོ་དང་མི་དགོ་གི་ ཚོགས་རྒྱན་བཙུགས་ཐོག་ལས་ གནས་ཆུ་དེ་ གདམ་ངོ་སྦེ་ བཙག་འཐུ་འབད་ཡོདཔ་བཞིན་དུ་ རྫོང་ཁག་ལས་ གདམ་ངོ་༡༣ གྱིས་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ནང་ དོ་འགྲན་འབད་ནི་ཨིན་པས།

རྒེད་འོག་འཛོམས་འདུ་ནང་ སྐྱེས་ལོ་༥༢ ལང་མི་ གནས་ཆུ་གིས་ ཚོགས་རྒྱན་བཙུགས་མི་༣༤༨ ལས་ དགོ་ཟེར་མི་ཚོགས་རྒྱན་༢༦༥ དང་ མི་དགོ་༨༣ ཐོབ་ནུག།

ས་གླིང་རྒེད་འོག་ མ་གསང་ད་ཟ་གཡུས་ཚན་ལས་ གདམ་འཐུ་གྲུབ་མི་ གནས་ཆུ་གིས་ སྤྱི་ལོ་༢༠༠༨ ལས་༢༠༡༣ ཚུན་ ལོ་༥ འི་རིང་ རྫོང་ཁག་ནང་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་སྦེ་ ཕྱག་ཞུ་བའི་ཤུལ་ལས་ ད་རུང་ སྤྱི་ལོ་༢༠༡༣ ལུ་ དོ་འགྲན་འབད་ནུག།

དེ་བཟུམ་སྦེ་ སྐྱེངས་མཁར་རྒེད་འོག་ ཤིང་སྐྱོང་རི་ཕོག་སོ་གདུང་གཡུས་ཚན་ལས་ སྐྱེས་ལོ་༣༡ ལང་མི་ ཡེ་ཤེས་ལྷུན་གྲུབ་ཀྱིས་ བཅའ་མར་གཏོགས་མི་༡ ལས་བརྒལ་མེད་ནི་དེ་གིས་ དགོ་དང་མི་དགོ་གི་ ཚོགས་རྒྱན་ བཙུགསཔ་ད་ མི་གྲངས་༢༨༣ གྱིས་ དགོ་དང་ མི་གྲངས་༣༠ གིས་ མི་དགོ་ཟེར་བའི་ ཚོགས་རྒྱན་བཙུགས་ཡོདཔ་ལས་ གདམ་འཐུ་འབད་ནུག།

སྐྱེས་ལོ་༣༨ ལང་མི་ ཚེ་རིང་དབང་ཆེན་དེ་ ན་རང་རྒེད་འོག་ལས་ དགོ་དང་མི་དགོ་གི་ ཚོགས་རྒྱན་བཙུགས་པར་ འོང་མི་༢༣༧ ལས་ དགོ་༡༨༡ དང་ མི་དགོ་༥༦ གི་ཐོག་ལས་ གདམ་འཐུ་གྲུབ་ནུག།

དགྲ་མེད་རྩེ་རྒེད་འོག་འཛོམས་འདུ་ནང་ སྐྱེས་ལོ་༣༤ ལང་མི་ ཨྱོན་ཚེ་རིང་ལུ་ དོ་འགྲན་འབད་མི་ མ་འཐོན་ ནི་དེ་གིས་ ཚོགས་རྒྱན་བཙུགས་མི་༣༠༩ ལས་ དགོ་ཟེར་མི་ཚོགས་རྒྱན་༢༢༧ བཙུགས་མི་ལུ་བརྟེན་ གདམ་འཐུ་གྲུབ་ཡོདཔ་ད་ སྐྱེས་ལོ་༣༢ ལང་མི་ འཇམ་དབྱངས་བློ་གྲོས་ཀྱིས་ ཚོགས་རྒྱན་དགོ་༢༩༩ དང་ མི་དགོ་༥༤ ཐོབ་ནི་དེ་གིས་ ཙ་ཀ་གླིང་རྒེད་འོག་གི་ གདམ་ངོ་སྦེ་ གྲུབ་ཡོདཔ་ཨིན་པས།

ཐང་རོང་རྒེད་འོག་ནང་ སྐྱེས་ལོ་༣༢ ལང་མི་ ཨྱོན་རྡོ་རྗེ་གིས་ ཚོགས་རྒྱན་བཙུགས་མི་༣༥༤ ལས་ དགོ་༣༠༨ དང་ མི་དགོ་༤༦ ཐོབ་སྟེ་ གདམ་འཐུ་གྲུབ་ཡོདཔ་ད་ རྩ་མང་རྒེད་འོག་གི་དོན་ལུ་ སྐྱེས་ལོ་༣༠ ལང་མི་ བསོད་ནམས་དཔལ་འཛོམས་ཀྱིས་ ཚོགས་རྒྱན་དགོ་༣༣༥ དང་ མི་དགོ་༤༠ ཐོབ་སྟེ་ གདམ་འཐུ་གྲུབ་ནུག།

སི་ལམ་སྦིས་རྒེད་འོག་ལས་ སྐྱེས་ལོ་༢༩ ལང་མི་ པདྨ་རྡོ་རྗེ་གིས་ ཚོགས་རྒྱན་བཙུགས་པར་འོང་མི་༣༠༤ ལས་ དགོ་༢༨༡ དང་ མི་དགོ་༢༣ ཐོབ་སྟེ་ གདམ་འཐུ་འབད་ནུག།

དེ་ལས་ སྐྱེས་ལོ་༣༢ ལང་མི་ ཚེ་རིང་དཔལ་འབྱོར་དེ་ བཱ་ལམ་རྒེད་འོག་འཛོམས་འདུ་ལས་ ཚོགས་རྒྱན་དགོ་༣༠༣ དང མི་དགོ་༦༠ ཐོབ་སྟེ་ གདམ་འཐུ་འབད་ནུག།

མོང་སྒར་རྒེད་འོག་ལས་ སྐྱེས་ལོ་༢༨ ལང་མི་ རིན་ཆེན་རྡོ་རྗེ་དེ་ གདམ་ངོ་སྦེ་ གདམ་འཐུ་གྲུབ་མི་དེ་ཡང་ མི་ ༥༤༧ ལས་ མི་༤༧༦ གིས་དགོ་ཟེར་ ཚོགས་རྒྱན་བཙུགས་མི་ལུ་བརྟེན་ཨིནམ་ད་ མི་༧༡ གིས་ མི་དགོ་ཟེར་ བཙུགས་ནུག།

སྔ་ཚང་རྒེད་འོག་ལས་ དང་འདོད་ཅན་གྱི་འཐུས་མི་༢ ཡོད་མི་ལས་ སྐྱེས་ལོ་༣༠ ལང་མི་ བསོད་ནམས་དབང་ཕྱུག་གིས་ ཚོགས་རྒྱན་༣༨༢ ཐོབ་སྟེ་ གདམ་འཐུ་གྲུབ་པའི་སྐབས་ དོ་འགྲན་འབད་མི་ སྐྱེས་ལོ་༣༩ ལང་མི་ བསྟན་འཛིན་དབང་ཕྱུག་གིས་ ཚོགས་རྒྱན་༢༣༨ ལས་བརྒལ་ ཐོབ་མ་ཚུགས་པས།

དེ་བཟུམ་སྦེ་ ལྕགས་སི་མཁར་རྒེད་འོག་ལས་ སྐྱེས་ལོ་༣༢ ལང་མི་ གནས་བརྟན་དང་ སྐྱེས་ལོ་༣༡ ལང་མི་ ཚེ་རིང་རྡོ་རྗེ་གཉིས་ཀྱི་བར་ན་ དོ་འགྲན་འབད་བའི་སྐབས་ གནས་བརྟན་གྱིས་ ཚོགས་རྒྱན་༣༣༤ ཐོབ་སྟེ་ གདམ་འཐུ་གྲུབ་ཡོདཔ་ད་ ཁོ་གི་ བྱང་ཕྱད་ཀྱིས་ ཚོགས་རྒྱན་༢༡༧ ལས་མ་ཐོབ་ཨིན་པས།

ཤེར་མུ་ཧཱུཾ་རྒེད་འོག་གི་ གདམ་ངོའི་འཛོམས་འདུ་སྐབས་ དོ་འགྲན་འབད་མི་༣ འཐོན་མི་ལས་ སྐྱེས་ལོ་༣༢ ལང་ མི་ འཆི་མེད་རྡོ་རྗེ་གིས་ ཚོགས་རྒྱན་༡༧༢ ཐོབ་སྟེ་ གདམ་ངོ་སྦེ་ གདམ་འཐུ་འབདཝ་ད་ སྐྱེས་ལོ་༣༡ ལང་ ཚེ་ དབང་བཀྲིས་ཀྱིས་ ཚོགས་རྒྱན་༡༥༩ དང་ སྐྱེས་ལོ་༢༩ མི་ ངག་དབང་རྒྱལ་མཚན་གྱིས་ ཚོགས་རྒྱན་༡༥༧ ཐོབ་ནུག།

རྫོང་ཁག་གི་རྒེད་འོག་༡༧ ནང་ གདམ་ངོའི་འཛོམས་འདུ་༣༦ འགོ་འདྲེན་འཐབ་མི་ལས་ འདེམས་ངོ་༡༣ གདམ་འཐུ་གྲུབ་མི་ཚུ་ཡང་ ན་རང་དང་ དགྲ་མེད་རྩེ་ བཱ་ལམ་ ཤེར་མུ་ཧཱུཾ་ སྔ་ཚང་ ལྕགས་སི་མཁར་ ཐང་རོང་ མོང་སྒར་ ཙ་ཀ་གླིང་ ས་གླིང་ ཙ་མང་ སི་ལམ་སྦི་ དེ་ལས་ སྐྱེངས་མཁར་རྒེད་འོག་ཚུ་ ཨིན་པས།

དེ་འབདཝ་ད་ འབྲས་སྤུངས་དང་ དགོངས་འདུས་ ཆ་གླིང་ དེ་ལས་ འགྱུར་མེད་རྒེད་འོག་༤ ནང་ གདམ་ངོའི་ཞལ་འཛོམས་འགོ་འདྲེན་འཐབ་ཡོད་རུང་ དོ་འགྲན་འབད་མི་ ཕུད་རྡོག་གཅིག་ཡང་ མེདཔ་ཨིན་པས།

རྒེད་འོག་༡༣ གྱི་གྲས་ལས་ ལྕགས་སི་མཁར་དང་ སྔ་ཚང་ དེ་ལས་ ཤེར་མུ་ཧཱུཾ་རྒེད་འོག་༣ ནང་ རྒྱལ་ཡོངས་ ཚོགས་སྡེའི་ བཙག་འཐུ་དོན་ལུ་ བཅའ་མར་གཏོགས་མི་ འདེམས་ངོ་༢ ལས་ལྷག་སྟེ་མེདཔ་ཨིན་རུང་ གཞན་རྒེད་འོག་༡༠ ནང་ འདེམས་ངོ་ཕུད་རྡོག་རེ་ལས་བརྒལ་ མ་ཐོནམ་ཨིན་པས།

མོང་སྒར་རྫོང་ཁག་གི་ གདམ་ངོའི་ཞལ་འཛོམས་དེ་ སྤྱི་ཟླ་༣ པའི་ཚེས་༡ ལས་འགོ་བཙུགས་ཡོདཔ་བཞིན་དུ་ སྤྱི་ཟླ་༣ པའི་ཚེས་༡༤ ལུ་ མཇུག་བསྡུ་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *