འདས་པའི་བདུན་ཕྲག་ནང་ མོང་སྒར་དགྲ་མེད་རྩེ་སློབ་གྲྭ་ལྟེ་བའི་ནང་སྦེ་ འབྲེལ་ཡོད་རྫོང་ཁག་ནང་འཁོད་ཀྱི་ སློབ་གྲྭ་༤༨ ཀྱི་ ཡིག་ཚང་ལས་རོགསཔ་དང་ བདག་སྐྱོང་ལས་རོགསཔ་ དེ་ལས་ དབུ་འཛིན་ཚུ་ལུ་ གོ་བརྡའི་སྦྱོང་བརྡར་བྱིན་པའི་བསྒང་།

མོང་སྒར་རྫོང་ཁག་ཤེས་རིག་ཡོངས་འབྲེལ་གནས་སྡུད་ཀྱི་ གཞི་མཛོད་རིམ་ལུགས་བཟོ་ཚར་རུང་ ལག་ལེན་འཐབ་མ་ཚུགས་པར་ཡོདཔ།

༉ མོང་སྒར་རྫོང་ཁག་ཤེས་རིག་ལས་ཁུངས་ཀྱིས་ གསར་བཏོད་ཐོག་ལས་ ཤེས་རིག་ཡོངས་འབྲེལ་གནས་སྡུད་ཀྱི་ གཞི་མཛོད་རིམ་ལུགས་བཟོ་ཚར་ཏེ་ ལག་ལེན་འཐབ་ནིའི་དོན་ལུ་ གྲ་སྒྲིག་ཡོད་རུང་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ དྲན་ཐོ་བཏོན་པའི་ཤུལ་ལས་ ལག་ལེན་འཐབ་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
རྫོང་ཁག་ཤེས་རིག་ལས་ཚན་ནང་ལས་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ རིམ་ལུགས་དེ་ བཟོ་ཚར་བའི་ཤུལ་ལས་ འདས་པའི་བདུན་ཕྲག་ནང་ མོང་སྒར་དགྲ་མེད་རྩེ་སློབ་གྲྭ་ལྟེ་བའི་ནང་སྦེ་ འབྲེལ་བ་ཡོད་མི་ རྫོང་ཁག་ནང་འཁོད་ཀྱི་ སློབ་གྲྭ་༤༨ ཀྱི་ ཡིག་ཚང་ལས་རོགསཔ་དང་ བདག་སྐྱོང་ལས་རོགསཔ་ དེ་ལས་ དབུ་འཛིན་ཚུ་ལུ་ ཉིན་གྲངས་༢ ཀྱི་ གོ་བརྡའི་སྦྱོང་བརྡར་བྱིན་ཚར་སྟེ་ རིམ་ལུགས་དེ་ ལག་ལེན་འཐབ་ཆོག་ཆོ་ཡོད་རུང་ གནང་བ་ལུ་ སྒུག་སྟེ་ཡོད་ཟེར་ཨིན་པས།
མོང་སྒར་ཤེས་རིག་ཨི་པོར་ཏཱལ་ཟེར་མི་ རིམ་ལུགས་དེ་ སྤྱི་ལོ་༢༠༡༤ ལུ་ ལོ་བསྟར་རྫོང་ཁག་ཤེས་རིག་གྲོས་འཛོམས་ནང་ གསུང་གྲོས་བྱུང་བའི་ཤུལ་ལས་ གྲོས་ཐག་བཅད་དེ་ བཟོ་ནི་འགོ་བཙུགས་ནུག།
རྫོང་ཁག་ཤེས་རིག་འགོ་དཔོན་གཙོ་འཛིན་འོགམ་ ཨོ་རྒྱན་འཕྲིན་ལས་ཀྱིས་ བཤད་མིའི་ནང་ རིམ་ལུགས་བཟོ་ནིའི་ གནས་སྐབས་དེ་ཡང་ འཆར་གཞི་༡༡ པ་བཟོ་ནིའི་དོན་ལུ་ རྫོང་ཁག་ཤེས་རིག་གི་ གནས་སྡུད་གཞི་མཛོད་མེདཔ་ལས་ དུས་ཀྱི་དགོས་མཁོ་དང་འཁྲིལ་ སྤྱི་མཐུན་ཐོག་ ཐག་བཅད་ནུག་ཟེར་ཨིན་པས།
དེ་གི་ཤུལ་ལས་ རྫོང་ཁག་ལུ་ འཕྲུལ་རིག་དང་ གྲོས་སྟོན་པ་ ལེན་ནིའི་དོན་ལུ་ མ་དངུལ་གྱི་ལྕོགས་གྲུབ་མེད་ནི་དེ་གིས་ ཟད་འགྲོ་ཉུང་སུའི་བཏང་ཐོག་ལས་ བཟོ་དགོ་པའི་འཆར་གཞི་བརྩམས་ཏེ་ བརྡ་དོན་འཕྲུལ་རིག་ནང་ མཁས་མཆོག་ཡོད་པའི་ ས་གནས་ཀྱི་མི་ཅིག་འཚོལ་བའི་སྐབས་ མོང་སྒར་སྐྱིད་བདེ་མཁར་སློབ་གྲྭའི་ བརྡ་དོན་འཕྲུལ་རིག་གི་ ཁག་འབག་སློབ་དཔོན་ཅིག་ལུ་སླབ་སྟེ་ ཁ་བཟེད་ནུག་ཟེར་ ཨོ་རྒྱན་འཕྲིན་ལས་ཀྱིས་ སླབ་ཨིན་པས།
དེ་ལས་ རྫོང་ཁག་གིས་ མཁས་མཆོག་དེ་ལུ་ ཉིན་འཐུས་དང་ འགྲུལ་འཐུས་རྐྱངམ་གཅིག་སྤྲོད་དེ་ ནེཊི་ལིངཀ་ཟེར་མི་ བརྡ་དོན་འཕྲུལ་རིག་ལས་ཁང་གི་ ཡིག་ཚང་ལྟེ་བ་ཡོད་སར་ སིངྒ་པུར་དང་ ཡན་ལག་ཡིག་ཚང་ཡོད་སར་ རྒྱ་གར་ཀཱོལ་ཀ་ཏ་ལུ་ མཉམ་འབྲེལ་འབད་དེ་ མཐུད་སྦྲེལ་འབད་ནིའི་དོན་ལུ་ བཏང་ནུག།
དེ་སྦེ་ བཏང་མི་དེ་ཡང་ མཁས་མཆོག་དེ་ མཐོ་རིམ་ཤེས་ཡོན་སྦྱང་པའི་སྐབས་ བརྡ་དོན་འཕྲུལ་རིག་ལས་ཁང་དང་གཅིག་ཁར་ འབྲེལ་བ་ཡོདཔ་མ་ཚད་ ཁོ་ར་ཡང་ དེ་ནང་ མིང་གཏམ་ཡོད་མི་ཅིག་ཨིན་ནི་དེ་གིས་ ཁོ་ལུ་གསོལ་བ་བཏབ་སྟེ་བཏང་ནུག་ཟེར་ ཨོ་རྒྱན་འཕྲིན་ལས་ཀྱིས་ བཤད་ཅི།
དེ་ལས་ རྫོང་ཁག་ལུ་ མ་དངུལ་ལངམ་མེད་ནི་དེ་གིས་ ལོ་༣ ནང་ དངུལ་ཀྲམ་ས་ཡ་༢.༨ དེ་ཅིག་ ཟད་འགྲོ་བཏང་སྟེ་ རིམ་ལུགས་དེ་ བཟོ་ཚར་ནུག།
ཨིན་རུང་ སྤྱི་ལོ་༢༠༡༧ ལུ་ རིམ་ལུགས་བཟོ་བའི་བསྒང་ རྩིས་ཞིབ་སྙན་ཞུ་ལྷོདཔ་མ་ཚད་ དུས་ཅི་ སྤྱི་ཟླ་༧ པའི་ཚེས་༡༥ ལུ་ འཕྲོ་མཐུད་སྙན་ཞུ་ལྷོད་པའི་ཤུལ་ལས་ ལག་ལེན་འཐབ་མ་ཚུགས་པར་ མགུ་འཐོམ་སྟེ་ཡོད་ཟེར་ རྫོང་ཁག་ཤེས་རིག་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
རྫོང་ཁག་ཤེས་རིག་འགོ་དཔོན་ཚུ་དང་འཁྲིལཝ་ད་ རིམ་ལུགས་དེ་ནང་ སློབ་དཔོན་གྱི་ ཡིག་ཆས་འཛིན་སྐྱོང་ལམ་ལུགས་དང་ སློབ་ཕྲུག་རེ་རེ་བཞིན་དུ་གི་གནས་ཚུལ་ སློབ་ཕྲུག་ཚུ་གི་ ལོ་ཕྱེད་དང་ལོ་བསྟར་གྲུབ་འབྲས་ ཨ་ལོ་གཅེས་སྐྱོང་ལྟེ་བ་དང་ གཞི་རྟེན་ཤེས་ཡོན་གྱི་གནས་སྡུད་གཞི་མཛོད་ སློབ་གྲྭ་ཚུ་གི་བཅུད་བསྡུས་ལོ་རྒྱུས་ འཕྲལ་གྱི་ཁྱབ་བསྒྲགས་དང་གནས་ཚུལ་ལ་སོགས་པ་ཚུ་ ཡོངས་འབྲེལ་ཐོག་ལས་ འཐོབ་ཚུགས་ནི་ཨིན་པས།
ཨིན་རུང་ རྩིས་ཞིབ་སྙན་ཞུ་ལུ་བརྟེན་ ཐོགས་ལུས་ཡོདཔ་ད་ ཉོགས་བཤད་ཚུ་ཡང་ ལས་འགུལ་གྱི་དོན་ལུ་ མ་དངུལ་སོ་སོར་མེད་པར་ སྤྱིར་བཏང་མ་དངུལ་ནང་ལས་ ལག་ལེན་འཐབ་པ་ བརྒྱུད་འབྲེལ་ལྷན་ཁག་གིས་ སྤྱི་ལོ་༢༠༡༥ ལུ་བཟོ་མི་ རིམ་ལུགས་བཟོ་ཐངས་ལམ་སྟོན་དང་མ་འཁྲིལ་བར་ མཁོ་སྒྲུབ་ལམ་ལུགས་དང་འགལ་བ་ རིམ་ལུགས་ཀྱི་འཐུས་ དངུལ་ཁང་མ་བརྒྱུད་པར་ ཕྲངམ་ཕྲང་སར་ ལས་ཁང་ལུ་སྤྲོད་ཡོདཔ་ལ་སོགས་པ་ཚུ་ བཀོད་ནུག།
དེ་ལུ་ རྫོང་ཁག་ཤེས་རིག་ལས་ཚན་གྱིས་ དུས་ཅི་ སྤྱི་ཟླ་༧ པའི་ཚེས་༣༠ ལུ་ བུམ་ཐང་ལུ་ཡོད་པའི་ རྩིས་ཞིབ་ཡོངས་ཁྱབ་འོགམ་ལུ་ ཉོགས་བཤད་ཁག་༡༠ གྱི་ལན་གསལ་ཚུ་ ཁུངས་དང་བསྦྲགས་ཏེ་ གསལ་རིལ་རི་སྦེ་ བྲིས་ཡོདཔ་བཞིན་དུ་ ད་ལྟོ་ ལན་གསལ་ལུ་ སྒུག་སྟེ་ཡོདཔ་ཨིན་པས།
རྫོང་ཁག་ཤེས་རིག་འགོ་དཔོན་གཙོ་འཛིན་འོགམ་གིས་ སླབ་མིའི་ནང་ ད་ལས་ཕར་ རིམ་ལུགས་དེ་ནང་ ཡིག་ཚང་ལས་རོགསཔ་དང་ བདག་སྐྱོང་ལས་རོགསཔ་ དེ་ལས་ ཆོས་ཚན་སློབ་དཔོན་ལ་སོགས་པ་ཚུ་གིས་ བརྡ་དོན་ཚུ་ རིམ་ལུགས་ནང་བཙུགས་ཞིནམ་ལས་ ཡོངས་འབྲེལ་ཐོག་ལས་ འཐོབ་ཚུགས་ཟེར་ཨིན་པས།
ཁོ་གིས་ བཤད་མིའི་ནང་ ད་ལྟོ་གི་གནས་སྟངས་དེ་ ཐ་ན་ སློབ་ཕྲུག་ཚུ་གི་ ལོ་ཕྱེད་དང་ ལོ་བསྟར་གྱི་གྲུབ་འབྲས་ཚུ་ ལེན་ནིའི་དོན་ལུ་ ཟད་འགྲོ་བཏང་ དཀའ་སྡུག་འབག་སྟེ་ སློབ་གྲྭ་ཚུན་ འོང་དགོ་མི་དེ་ འབད་མ་དགོ་པར་ རང་སྡོད་སའི་ས་གོ་ཚུ་ནང་ལས་ ཀམ་པུས་ཊར་དང་ འགྲུལ་འཕྲིན་མོ་བཱ་ཡེལ་ལག་ལེན་འཐབ་སྟེ་ ནང་ན་ སློབ་ཕྲུག་ཚུ་གི་གསང་ཨང་ བཙུགས་ཞིནམ་ལས་ འཇམ་ཏོང་ཏོ་སྦེ་ འཐོབ་ཚུགས་ཟེར་ཨིན་པས།
རྫོང་ཁག་ཤེས་རིག་འགོ་དཔོན་གཙོ་འཛིན་ དབང་ཕྱུག་གིས་ སླབ་མིའི་ནང་ རིམ་ལུགས་དེ་ བཟོ་ནིའི་དོན་ལུ་ རྫོང་བདག་གིས་ཡང་ དུས་དང་རྣམ་པ་ཀུན་ཏུ་ ལམ་སྟོན་ཚུ་གནང་ཡི་ཟེར་ཨིནམ་ད་ ལེགས་ཤོམ་སྦེ་འགྱོ་བཏུབ་པ་ཅིན་ རྒྱལ་ཁབ་ཀྱི་ཤེས་རིག་ལམ་ལུགས་ལུ་ ཕན་ཐོགས་སྦོམ་འབྱུང་ནི་ཨིནམ་མ་ཚད་ ལས་སྡེ་གཞན་ཚུ་ནང་ཡང་ ལག་ལེན་འཐབ་བཏུབ་ཟེར་ ཨིན་པས།
དབང་ཕྱུག་གིས་ སླབ་མའི་ནང་ རིམ་ལུགས་དེ་ རྒྱལ་ཁབ་ནང་ རྫོང་ཁག་གི་རྒྱུ་དངོས་གཙོ་ཅན་ཅིག་ཨིནམ་ད་ ཟད་འགྲོ་ཉུང་སུའི་ཐོག་ལས་ རིམ་ལུགས་བཟོ་མི་དེ་གིས་ ཞབས་ཏོག་སྐྱེལ་སྤྲོད་མྱུར་མགྱོགས་འབད་ཚུགས་ནི་དང་ ཞབས་ཏོག་སྤྱོད་མི་ཚུ་གི་ཟད་འགྲོ་མར་ཕབ་ བརྡ་དོན་འཛོལ་བ་མེདཔ་སྦེ་ མཁོ་སྤྲོད་འབད་ཚུགས་ཟེར་ཨིན་པས།
དེ་མ་ཚད་ ལག་ལེན་འཐབ་ངོ་བདེ་ཏོག་ཏོ་ཡོདཔ་མ་ཚད་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཐུགས་ཀྱི་དགོངས་བཞེད་ ཤོག་གུ་ལག་ལེན་མར་ཕབ་འབད་ནི་ལུ་ཡང་ ཕན་ཐོགས་ཡོད་ཟེར་ དབང་ཕྱུག་གིས་ བཤདཔ་ཨིན་པས།
རྫོང་ཁག་ཤེས་རིག་འགོ་དཔོན་ཚུ་དང་འཁྲིལཝ་ད་ ད་ཚུན་ རིམ་ལུགས་དེ་གི་སྐོར་ལས་ རྫོང་ཁག་བརྡ་དོན་འཕྲུལ་རིག་སྡེ་ཚན་གྱི་ ལས་བྱེདཔ་ཚུ་བརྩིས་ཏེ་ འབྲེལ་ཡོད་ཚུ་ལུ་ སྤྱན་འབུལ་ཕུལ་བའི་སྐབས་ ཡིད་ཆེས་འདྲོངས་པའི་ངོས་ལེན་ཚུ་ ཐོབ་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

 

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *