ཁ་ཙ་ རྩི་རང་སྟོད་ལུ་ སྐྱེས་ལོ་༡༧ ལང་མི་བུཚ་ཅིག་གིས་ ཤིང་གུ་ལས་དཔྱངས་ཏེ་ རང་སྲོག་བཅད་ནུག།
༉ མོང་སྒར་རྫོང་ཁག་ནང་ སྤྱི་ལོ་༢༠༡༦ ལས་ ད་ཚུན་གྱི་བར་ན་ མི་གྲངས་༡༠ གྱིས་ རང་སྲོག་བཅད་ཡོདཔ་ད་ ཚེ་འདས་ཚུ་ཡང་ སྐྱེས་ལོ་༡༥ ལས་༧༢ ཀྱི་བར་ན་འབད་མི་ ཨམ་སྲུ་༥ དང་ཕོ་སྐྱེས་༥ ཨིན་པས།
རང་སྲོག་བཅད་དགོ་པའི་ གནད་དོན་དེ་ཡང་ སེམས་སྐྱོ་མི་དང་ ཕམ་ཡ་བྲལ་ དབུལ་ཕོངས་ཀྱི་དཀའ་ངལ་ དེ་ལས་ སེམས་གནས་པ་མེད་པའི་ རྐྱེན་ཚུ་ལུ་བརྟེན་ཨིན་པས།
དུས་ཅི་ སྤྱི་ཟླ་༢ པའི་ནང་ འབྲས་སྤུངས་རྒེད་འོག་ལས་ སེམས་གནས་པ་མེད་མི་ ཕོ་སྐྱེས་ཅིག་གིས་ རང་སྲོག་བཅད་ཡོདཔ་མ་ཚད་ སྤྱི་ཟླ་༣ པའི་ནང་ ཆ་གླིང་རྒེད་འོག་ལས་ སྐྱེས་ལོ་༧༢ ལང་མི་ ཕོ་སྐྱེས་ཅིག་གིས་ ཁོ་ར་ ལོ་ན་རྒས་པའི་ཁར་ ཆ་རོགས་འབད་མི་ ག་ཡང་མེདཔ་ལས་ སེམས་འཁྲུལ་བའི་ཤུགས་ཀྱིས་ རང་སྲོག་བཅད་ནུག།
ཐང་རོང་རྒེད་འོག་ལས་ ཨམ་སྲུ་ཅིག་གིས་ རང་སྲོག་བཅད་མི་དེ་ ཧ་གོ་མ་ཚུགས་རུང་ ཧེ་མ་ལས་ ཚར་༣ དཔའ་བཅམ་ནུག་ཟེར་ཨིནམ་ད་ སྔ་ཚང་རྒེད་འོག་ནང་ ཕོ་སྐྱེས་ཅིག་གིས་ ཁོ་རའི་གནས་ཚང་དེ་ སྣུམ་འཁོར་ཐུག་རྐྱེན་ནང་ ཤི་རྐྱེན་བྱུང་བའི་ཤུལ་ལས་ སེམས་ཕམ་བྱུང་སྟེ་ རང་སྲོག་བཅད་ནུག་ཟེར་ཨིན་པས།
དེ་བཟུམ་སྦེ་ སྐྱེངས་མཁར་རྒེད་འོག་ནང་ སྐྱེས་ལོ་༦༣ ལང་མི་ ཕོ་སྐྱེས་ཅིག་གིས་ ཨམ་ཅུངམ་འཚོལ་ཡོདཔ་ད་ གནད་དོན་དེ་ ཁྲིམས་འདུན་ལུ་ མཐོ་གཏུགས་ཞུ་བའི་ཤུལ་ལས་ རང་སྲོག་བཅད་ནུག།
སྤྱི་ལོ་༢༠༡༦ ཟླཝ་༤ པའི་ནང་ ཐང་རོང་རྒེད་འོག་ནང་ ན་གཞོན་སློབ་ཕྲུག་ཅིག་གིས་ རང་སྲོག་བཅད་མི་དེ་ཡང་ བུཚ་དང་མཉམ་ དགའ་མཐུན་ཐོག་ལས་ བྱུང་ཡོདཔ་མ་ཚད་ ཕམ་ཡ་བྲལ་གྱི་ཨ་ལོ་ སྐྱེས་ལོ་༡༥ ལང་མི་བུམོ་ཨིན་པའི་ཁར་ གསར་སྤང་རྫོང་ཁག་ལས་ སྐྱེས་ལོ་༡༨ ལང་མི་ བུམོ་ཅིག་གིས་ཡང་ མོ་ར་ ཉམ་ཆུང་ཅིག་འབདཝ་ལས་ བསྐྱིན་ཚབ་སྤྲོད་མ་ཚུགས་མི་ལུ་བརྟེན་ རང་སྲོག་བཅད་ཡོདཔ་ཨིན་པས།
ཐང་རོང་རྒེད་འོག་ནང་ སྐྱེས་ལོ་༥༣ ལང་མི་ ཨམ་སྲུ་ཅིག་གིས་ ཆང་འཐུང་མི་ལུ་བརྟེན་ རང་སྲོག་བཅད་ཡོདཔ་མ་ཚད་ རྩ་མང་རྒེད་འོག་ནང་ ནོར་འཚོ་སྡོད་མི་ སྐྱེས་ལོ་༦༡ ལང་མི་ ཕོ་སྐྱེས་ཅིག་གིས་ཡང་ རང་སྲོག་བཅད་ཡོདཔ་ད་ ཁོང་ག་ར་ ཤིང་གུ་ལས་མར་དཔྱངས་ཏེ་ རང་སྲོག་བཅད་ནུག།
རྫོང་ཁག་གསོ་བའི་འགོ་དཔོན་གཙོ་འཛིན་ ཚེ་རིང་རྡོ་རྗེ་གིས་ སླབ་མིའི་ནང་ རང་སྲོག་བཅད་དགོ་པའི་ གནད་དོན་ཚུ་ཡང་ ཆང་འཐུང་མི་དང་ སེམས་གནས་པ་མེད་མི་ དབུལ་ཕོངས་ཀྱི་དཀའ་ངལ་བྱུང་མི་ ཕམ་ཡ་བྲལ་སོང་མི་ དེ་ལས་ སེམས་བདག་འཛིན་འབད་མ་ཚུགས་མི་ལུ་བརྟེན་ བྱུང་ནུག་ཟེར་ཨིན་པས།
མོང་སྒར་ཁྲིམས་སྲུང་འགག་སྡེ་ལས་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ རང་སྲོག་བཅད་དགོ་པའི་ དཀའ་ངལ་དེ་ གཙོ་བོ་ར་ སེམས་སྐྱོ་མི་དང་ དགའ་མཐུན་ དེ་ལས་ མནོ་དོན་གྲུབ་མ་ཚུགས་མི་ལུ་བརྟེན་ སེམས་ཤི་བའི་ཞོར་ལས་ སྨན་དང་ བཙན་དུག་ཚུ་ཟ་སྟེ་ རང་སྲོག་བཅད་ནུག་ཟེར་ཨིནམ་ད་ ད་ལས་ཕར་ ཁྱིམ་ནང་ བཙན་དུག་བཞག་མ་ཆོག་པའི་ ལམ་ལུགས་བཟོ་ནི་ཨིནམ་མ་ཚད་ གོ་བརྡའི་ལས་རིམ་ཚུ་ཡང་ འགོ་འདྲེན་འཐབ་ནི་ཨིན་ཟེར་ཨིན་པས།
གསོ་བའི་འགོ་དཔོན་གོངམ་གིས་ སླབ་མིའི་ནང་ འབྲས་སྤུངས་རྒེད་འོག་ནང་སྦེ་ འཛམ་གླིང་རང་སྲོག་བཅད་ནི་བཀག་ཐབས་ཀྱི་ཉིནམ་ བརྩི་སྲུང་འབད་མི་དེ་ དུས་ཅི་ རང་སྲོག་བཅད་མི་༡ དང་ སྤྱི་ལོ་༢༠༡༦ ལུ་ མི་༢ ཀྱིས་ རང་སྲོག་བཅད་པའི་ཁར་ རང་སྲོག་བཅད་ནི་ལུ་ དཔའ་བཅམ་མི་༣ དེ་ཅིག་ ཐོན་ཡོདཔ་ལས་ བཀག་ཐབས་འབད་ནིའི་དོན་ལུ་ཨིན་པས།
དུས་ཅི་ རྫོང་ཁག་ནང་ རང་སྲོག་བཅད་ནི་ བཀག་ཐབས་འབད་ནིའི་དོན་ལུ་ ཚོགས་པ་གཞི་བཙུགས་འབད་ཡོདཔ་ད་ དེ་གི་ཁྲི་འཛིན་རྫོང་བདག་དང་ ཁྲི་འཛིན་འོགམ་ རྫོང་ཁག་ཚོགས་འདུའི་ཁྲི་འཛིན་ ཚོགས་པའི་འཐུས་མི་ཚུ་ཡང་ ཁྲིམས་སྲུང་འགག་སྡེ་དང་ ཤེས་རིག་འགོ་དཔོན་གཙོ་འཛིན་ རྫོང་ཁག་གསོ་བའི་སྡེ་ཚན་ དེ་ལས་ བླམ་གནས་བརྟན་དང་ ལུང་ཕྱོགས་གཙོ་བསྟེན་སྨན་ཁང་གི་གཙོ་འཛིན་ ཁྲིམས་སྡེའི་འགོ་དཔོན་ དེ་ལས་ རྒཔོ་ཚུ་ཨིན་པས།
ཚོགས་པ་དེ་གིས་ རང་སྲོག་བཅད་ནི་ལས་ བཀག་ཐབས་འབད་ནི་ལུ་ ཆ་རོགས་འབད་ནིའི་ ལས་རིམ་དང་ སྒྲིག་གཞི་ ལམ་ལུགས་ཚུ་དང་འཁྲིལ་ མི་སེར་ཡོངས་ལུ་ གོ་བརྡ་སྤྲོད་ནི་དང་ ལྷག་པར་དུ་ ཆང་འཐུང་ནི་ལས་ ཚད་འཛིན་འབད་ནིའི་དོན་ལུ་ཡང་ གོ་བ་བརྡ་སྤྲོད་འབད་ནི་ཨིནམ་ད་ དེ་གིས་ ད་ལས་ཕར་ མར་ཕབ་འབད་ཚུགས་པའི་རེ་བ་ཡོད་ཟེར་ བདེ་སྐྱིད་ཕུན་ཚོགས་ཀྱིས་ སླབ་ཨིན་པས།
ལྷ་ཀྲུ་གིས་ སླབ་མིའི་ནང་ ལོ་བསྟར་བཞིན་དུ་ རྒེད་འོག་ནང་ རང་སྲོག་བཅད་མི་ཐོན་དོ་ཡོདཔ་ལས་ མི་སེར་ཚུ་ ཚ་གྱང་ལང་དགོ་པའི་གཞི་ལུ་ གྱུར་ཡོད་མི་དེ་ ད་ལས་ཕར་ འགོ་དཔོན་ཚུ་གིས་ མི་སེར་ཚུ་ལུ་ གོ་བརྡ་སྤྲོད་ནི་ཟེར་ཨིན་པས།
འཛམ་གླིང་རང་སྲོག་རང་བཅད་ བཀག་ཐབས་ཀྱི་ཉིནམ་དེ་ མོང་སྒར་དང་ བསམ་རྩེ་ དེ་ལས་ རྩི་རང་རྫོང་ཁག་ཚུ་ནང་ བརྩི་སྲུང་འབད་ཡོད་པའི་གནས་ཚུལ།
མོང་སྒར་ལས་ བཀྲིས་ཕུན་ཚོགས།