འཆར་གཞི་༡༡ པའི་ གྲུབ་འབྲས་སྙན་ཞུ་ནང་ གྲལ་གཏོགས་འབད་མི་ཚུ།

མོང་སྒར་རྫོང་ཁག་གིས་ འཆར་གཞི་༡༡ པའི་ གྲུབ་འབྲས་སྙན་ཞུ་ཕུལ་ཡོདཔ།

༉ མོང་སྒར་རྫོང་ཁག་གིས་ ལོ་༥ འི་འཆར་གཞི་༡༡ པ་མཇུག་བསྡུཝ་དང་འབྲེལ་ འཆར་དངུལ་གྱི་ གྲུབ་འབྲས་སྙན་ཞུ་ཚུ་ ཕྱི་གསལ་ནང་གསལ་སྦེ་ བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་ལུ་ གསལ་ཞུ་ཕུལ་ཡི།
དེ་ཡང་ སྤྱི་ཟླ་༦ པའི་ཚེས་༢ ལུ་ མོང་སྒར་འབྲིང་རིམ་སློབ་གྲྭ་འོག་མའི་ སྤྱི་དོན་ཁང་ནང་སྦེ་ རྫོང་ཁག་གི་འཆར་གཞི་༡༡ པའི་ གྲུབ་འབྲས་སྙན་ཞུ་འབད་མིའི་ནང་ གྲུབ་འབྲས་བརྡ་སྟོན་གཙོ་ཅན་༥༢ ཡོད་མི་ལས་༤༠ གྲུབ་འབྲས་བྱུང་ཡོདཔ་ད་ ད་ལྟོ་ ལག་ལེན་འཐབ་པའི་བསྒང་ཡོད་མི་ལས་སྣ་༧ ཡོདཔ་བཞིན་དུ་ ཉེན་ཁ་ཅན་གྱི་ལས་སྣ་༥ ལུས་ཏེ་འདུག།
གྲུབ་འབྲས་གཙོ་ཅན་ཚུ་གི་གྲས་ལས་ སོ་ནམ་ཞིང་ལམ་༡༢༢ བཏོན་ཡོད་མི་ལུ་ བསྡོམས་ཀི་ལོ་མི་ཊར་༤༨༥ ལྷགཔ་ཅིག་ཡོདཔ་ད་ འཆར་གཞི་༡༠ པའི་ནང་ སོ་ནམ་ཞིང་ལམ་༡༩ ལུ་ ཀི་ལོ་མི་ཊར་༣༠༨ བསལ་ཡོདཔ་ཨིན་པས།
སྣུམ་འཁོར་ཟམ་༡༠ དང་ སློབ་གྲྭ་ལྟེ་བ་༥ སློབ་དཔོན་༥༥༢ དེ་ལས་ ལྟོ་ཐོབ་སློབ་ཕྲུག་༣,༣༡༤ ལུ་ ཡར་སེང་ འབད་ཡོདཔ་མ་ཚད་ སྨན་ཁང་དང་ སྨན་གཡོགམོ་༡༢༦ གཞི་བཙུགས་འབད་ནུག།
འཆར་གཞི་༡༠ པ་ མཇུག་བསྡུ་བའི་སྐབས་ རང་བཞིན་སླར་འབྱུང་ཐོན་སྐྱེད་འོག་ལུ་ རེད་ཀྱི་ཐོན་སྐྱེད་མེ་ཊིག་ཊཱོན་༨༦༨ ལས་ འཆར་གཞི་༡༡ པའི་ལོ་མཇུག་ལུ་ རེད་ཐོན་སྐྱེད་མེ་ཊིག་ཊཱོན་༡,༢༣༡ དང་ གེ་ཟ་ཐོན་སྐྱེད་མེ་ཊིག་ཊཱོན་༡༥,༨༧༡ ཨོམ་ཐོན་སྐྱེད་མེ་ཊིག་ཊཱོན་༤,༣༢༣ ཤ་མེ་ཊིག་ཊཱོན་༢༧ དེ་ལས་ སྒོང་རྡོག་གྱངས་ཁ་ས་ཡ་༦ ལྷགཔ་ཅིག་ ཐོན་སྐྱེད་འབད་ནུག།
རྫོང་ཁག་ནང་ བཟའ་སྤྱོད་འབད་མི་ ས་ཆ་ཨེ་ཀར་༣༢,༣༢༨ ལྷགཔ་ཅིག་ཡོདཔ་ད་ གློག་ཐག་ར་བ་གྱངས་ཁ་༡༢༢ ལུ་ ཀི་ལོ་མི་ཊར་༡༤༤ ལྷགཔ་ཅིག་ མཁོ་སྒྲུབ་འབད་བའི་ཁར་ འཕྲུལ་གླང་པ་ཝར་ཊི་ལར་༤༢ བཀྲམ་སྤེལ་འབད་ནུག།
དེ་བཟུམ་སྦེ་ གྲུབ་འབྲས་གཙོ་ཅན་གྱི་འོག་ལུ་ ཁྲོམ་ནང་འཁོད་ཀྱི་འཁོར་ལམ་དང་ ཕྱགས་སྙིགས་འཛིན་སྐྱོང་ རྐང་ལམ་ གློག་མེ་ དེ་ལས་ བཙོག་གཡུར་ཚུ་ བསལ་ཡོདཔ་ཨིན་པས།
གྲོང་གསེབ་ཚོང་ལས་གོང་འཕེལ་ཐོག་ལས་ མི་༡,༦༤༩ གིས་ ལས་འགུལ་དང་ ཚོང་ལས་ལག་ཁྱེར་ཐོབ་ཡོདཔ་ད་ བཟོ་གྲྭ་ཆུང་བའི་རིགས་ལུ་ མི་༡,༢༦༩ ཚོང་ལས་ལག་ཁྱེར་ཐོབ་ནུག།
འཆར་གཞི་༡༡ པའི མ་དངུལ་དང་ ལོ་བསྟར་འཆར་དངུལ་ཟད་འགྲོ་གི་ བཅུད་བསྡུས་དང་འཁྲིལ་བ་ཅིན་ རྫོང་ ཁག་གི་དོན་ལུ་ འཆར་གཞི་༡༠ པའི་ནང་ བསྐྱར་ཞིབ་མ་དངུལ་ས་ཡ་༡,༠༨༥ ལྷགཔ་ཅིག་ཡོད་མི་དེ་ འཆར་གཞི་༡༡ པའི་ནང་ བསྐྱར་ཞིབ་མ་དངུལ་ས་ཡ་༡,༤༢༦ ལྷགཔ་ཅིག་ཆ་འཇོག་འབད་མི་དེ་ བརྒྱ་ཆ་༣༡ ཡར་སེང་སོང་ནུག།
དེ་བཟུམ་སྦེ་ རྫོང་ཁག་གིས་ འཆར་གཞི་མ་དངུལ་ཐོག་ལས་ ཟད་འགྲོ་བརྒྱ་ཆ་༡༦༢ བཏང་ཡོདཔ་ད་ འཆར་དངུལ་ལས་ ཟད་འགྲོ་བརྒྱ་ཆ་༩༣ གནང་སྟེ་འདུག།
རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ འགོ་དཔོན་ཚུ་གིས་ འཆར་གཞི་༡༢ པའི་ནང་ རྫོང་ཁག་གི་འཆར་གཞི་དང་ ལས་སྣ་ ཁྲོམ་སྡེའི་འཆར་གཞི་ དེ་ལས་ འཆར་དངུལ་བགོ་བཀྲམ་གྱི་སྐོར་ གསལ་བཤད་འབད་བའི་ཁར་ རྒེད་འོག་གི་ལས་རིམ་དང་ འཆར་དངུལ་གྱི་སྐོར་ལས་ཡང་ སྙན་ཞུ་འབད་ཡི།
ཁ་ཙ་ ལྷུན་རྩེ་རྫོང་ཁག་ནང་ འཆར་གཞི་༡༡ པའི་གྲུབ་འབྲས་སྙན་ཞུ་ ཕུལ་ཡོད་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *