མོང་སྒར་འདེམས་ཁོངས་ནང་ དུས་མིན་བཙག་འཐུའི་དོན་ལུ་ གྲ་སྒྲིག་འབད་དོ་ཡོདཔ།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ མོང་སྒར་འདེམས་ཁོངས་ཀྱི་ དུས་མིན་བཙག་འཐུའི་གསལ་བསྒྲགས་འབད་བའི་ཤུལ་ལས་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ མི་སྡེ་བརྡ་བརྒྱུད་ཚུ་ནང་ སྡེ་ཚན་བཟོ་སྟེ་ ནང་ན་ལས་ བསམ་འཆར་ཚུ་བཤད་དེ་ ཁ་སླབ་ནི་ འགོ་བཙུགས་ནུག།

དུས་མིན་བཙག་འཐུ་དེ་ཡང་ སྤྱི་ཚོགས་ཀྱི་འཐུས་མི་ ནང་སྲིད་བློན་པོ་བགྲེསཔ་ དྲགོས་ཤེས་རབ་རྒྱལ་མཚན་ དགོངས་ཞུ་འབད་བའི་ཤུལ་ལས་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།

ཙ་ཀ་གླིང་རྒེད་འོག་ལས་ འབྲུག་ཕུན་སུམ་ཚོགས་པའི་ འདེམས་ངོ་བགྲེསཔ་ ཀརྨ་ལྷ་མོ་དེ་ སྤྱི་ཟླ་༥ པའི་ཚེས་༡༩ ལུ་ འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོ་སྦེ་ གསལ་བསྒྲགས་འབད་ནུག།

འདེམས་ཁོངས་དེ་ནང་ཚུད་མི་ ཙ་ཀ་གླིང་དང་ རྩ་མང་ ཆ་གླིང་ མོང་སྒར་ དེ་ལས་ འབྲས་སྤུངས་རྒེད་འོག་ཚུ་ལས་ ཚོགས་རྒྱན་བཙུགས་མི་ མང་ཤོས་ཅིག་གིས་ ཀརྨ་ལྷ་མོ་དེ་ སྲིད་ཚོགས་སོར་ཡོད་པའི་སྐོར་ལས་ ཤེས་རྟོགས་བྱུང་ཡོདཔ་ད་ དེ་གི་ནང་ལས་ འདས་པའི་བཙག་འཐུ་ཚུ་ནང་ ཀརྨ་ལྷ་མོ་ལུ་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་སྦེ་ རྒྱབ་སྐྱོར་འབད་མི་ཚུ་གིས་ ད་རེས་ཀྱི་ བཙག་འཐུ་ནང་ སྲིད་ཚོགས་ལུ་བལྟ་སྟེ་དང་ ཡང་ཅིན་ འདེམས་ངོ་ལུ་བལྟ་སྟེ་ ཚོགས་རྒྱན་བཙུགས་ནི་ཨིན་ན་ ད་ལྟོ་ བསྟུན་གྲོས་འབད་བའི་བསྒང་ཨིན་པས།

ཀརྨ་ལྷ་མོ་དེ་ འབྲུག་ཕུན་སུམ་ཚོགས་པའི་ འདེམས་ངོ་སྦེ་ སྤྱི་ལོ་༢༠༠༨ ལུ་ བཙག་འཐུ་གྲུབ་ཡོད་རུང་ སྤྱི་ལོ་༢༠༡༣ དང་༢༠༡༨ ཀྱི་ བཙག་འཐུའི་སྐབས་ ལན་ཐེངས་༢ ཕམ་སོཔ་ཨིན་པས།

ད་ལྟོ་ མི་སྡེ་བརྡ་བརྒྱུད་ཚུ་གི་ཐོག་ལས་ སྡེ་ཚན་བཟོ་སྟེ་ བློ་སླབ་མིའི་ནང་ མང་ཤོས་ར་ གཞུང་སྐྱོང་གི་ ཁ་ཐུག་ལུ་ རྒྱབ་སྐྱོར་འབད་ནི་བཟུམ་སྦེ་སླབ་དོ་ཡོདཔ་ད་ ཚོགས་རྒྱན་བཙུགས་མི་ཚུ་གིས་ བང་མཛོད་དེ་ གཞུང་གི་ཕྱག་ལུ་ཡོདཔ་ལས་ གཞུང་སྐྱོང་ནང་ཡོད་མི་གིས་ ཁས་བླངས་གསལ་བསྒྲགས་འགྲུབ་ཚུགས་པའི་ འོས་འབབ་མངམ་ཡོད་པའི་སྐོར་ལས་ སླབ་དོ་ཡོདཔ་ཨིན་པས།

དེ་མ་ཚད་ ཀརྨ་ལྷ་མོ་ལུ་ མི་སེར་དང་གཅིག་ཁར་ འབྲེལ་བ་ལེགས་ཤོམ་ཡོདཔ་ལས་ བཙག་འཐུ་འགྲུབ་ནིའི་ གོ་སྐབས་མངམ་ཡོད་ཟེར་ ཚོགས་རྒྱན་བཙུགས་མི་ ལ་ལོ་གིས་ སླབ་ཨིན་པས།

རྩ་མང་རྒེད་འོག་གི་ འབྲུག་ཕུན་སུམ་ཚོགས་པའི་ འགོ་འདྲེན་པ་བགྲེསཔ་ ཡེ་ཤེས་འཕྲིན་ལས་ཀྱིས་ སླབ་མིའི་ནང་ སྲིད་ཚོགས་སོར་མི་ལུ་བརྟེན་ འབྲུག་མཉམ་རུབ་ཚོགས་པ་དང་ འབྲུག་ཕུན་སུམ་ཚོགས་པ་༢ ཆ་རའི་ རྒྱབ་སྐྱོར་པ་ཚུ་ལས་ ཚོགས་རྒྱན་གྱི་རྒྱབ་སྐྱོར་འཐོབ་ནིའི་ གོ་སྐབས་སྦོམ་ཡོད་ཟེར་ཨིན་པས།

འདས་པའི་བཙག་འཐུའི་གྲུབ་འབྲས་དང་འཁྲིལཝ་ད་ རྩ་མང་རྒེད་འོག་ནང་ འབྲུག་ཕུན་སུམ་ཚོགས་པའི་ རྒྱབ་སྐྱོར་པ་མངམ་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༨ ཀྱི་བཙག་འཐུ་ནང་ ཀརྨ་ལྷ་མོ་གིས་ རྩ་མང་དང་ ཙ་ཀ་གླིང་ ཆ་གླིང་རྒེད་འོག་༣ ནང་ལས་ རྒྱལ་ཁ་ཐོབ་ཡོད་རུང་ མོང་སྒར་དང་ འབྲས་སྤུངས་རྒེད་འོག་༢ ནང་ལས་ ཕམ་སོཔ་ཨིན་པས།

འབྲས་སྤུངས་རྒེད་འོག་ལས་ ཚོགས་རྒྱན་བཙུགས་མི་ རྒྱལ་མཚན་གྱིས་ སླབ་མིའི་ནང་ ད་ཚུན་ མི་ཚུ་བློ་སླབ་ས་ལྟཝ་ད་ གཞུང་སྐྱོང་ཚོགས་པའི་ འདེམས་ངོ་གིས་ སྤྱི་ཚོགས་ནང་ ཁྱད་པར་བཟོ་ནི་ཨིནམ་ལས་ ད་རེས་ ཀརྨ་ལྷ་མོ་ལུ་ གོ་སྐབས་མངམ་ཡོད་ཟེར་ཨིན་པས།

ཀརྨ་ལྷ་མོ་དེ་ འདེམས་ཁོངས་ནང་ ཁ་ཙ་རེས་གཟའ་མིག་དམར་ལུ་ ལྷོད་ནི་གི་ ལས་འཆར་ཡོདཔ་ཨིན་པས།

ཨིན་རུང་ མི་ལ་ལོ་ཅིག་གིས་ བསམ་འཆར་བཀོད་མིའི་ནང་ ཀརྨ་ལྷ་མོ་གིས་ སྲིད་ཚོགས་རྙིངམ་བཀོག་བཞག་མི་དེ་ ཐ་དམ་ཚིག་མེད་པར་ གོ་སྐབས་བཟང་པོ་འཚོལ་འགྱོ་དོ་བཟུམ་ཨིན་མས་ཟེར་ཨིན་པས།

མོང་སྒར་རྒེད་འོག་ནང་ལས་ རྡོ་རྗེ་གིས་ སླབ་མིའི་ནང་ ཀརྨ་ལྷ་མོ་གིས་ འདས་པའི་བཙག་འཐུ་ཐེངས་༣ གྱི་རིང་ ད་ཚུན་ གུས་ཞབས་དང་ བརྩི་མཐོང་ཡོད་མི་ ཚོགས་པའི་སྐོར་ལས་ རྒྱབ་སྲུང་ཐོག་ རྩོད་བསྡུར་འབད་དེ་ འདེམས་ངོ་གཅིག་གིས་གཅིག་ལུ་དང་ ཚོགས་པ་ལུ་ སྐྱོན་བརྗོད་དང་ ཁ་བཏང་ཡི་ཟེར་ཨིན་པས།

ད་རིས་འབད་བའི་བསྒང་ལས་ མོ་གིས་ འབྲུག་ཕུན་སུམ་ཚོགས་པ་ལུ་ ག་དེ་སྦེ་ སླབ་འོང་ག་སྨོ་ཟེར་ རྡོ་རྗེ་གིས་ དྲི་བཀོད་འབདཝ་མས།

ལ་ལོ་ཅིག་གིས་འབད་བ་ཅིན་ གཞུང་སྐྱོང་གི་ འདེམས་ངོ་བཙག་འཐུ་འགྲུབ་པ་ཅིན་ ལྡོག་ཕྱོགས་ཚོགས་པ་་སྒྲིང་སྒྲི་མེདཔ་ འགྱོ་འོང་ཟེར་ཨིན་པས།

མོང་སྒར་ལས་ ཚོགས་རྒྱན་བཙུགས་མི་ཅིག་གིས་ སླབ་མིའི་ནང་ འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོ་བཙག་འཐུ་གྲུབ་པ་ཅིན་ ཚོགས་པ་དེ་ ཧེང་སྐལ་ར་ སྒྲིང་སྒྲི་འགྱོ་ནི་དང་ སྤྱི་ལོ་༢༠༢༣ གྱི་ སྤྱིར་བཏང་བཙག་འཐུ་དེ་ཡང་ རནམ་མས་ཟེར་ཨིན་པས།

ཧེ་མར་ འབྲུག་མཉམ་རུབ་ཚོགས་པའི་ ལཱ་འབད་མི་ ལ་ལོ་ཅིག་གིས་ སྲིད་ཚོགས་དེ་གི་ ཡིག་ཚང་གིས་ སྤྱི་ལོ་༢༠༡༨ ཀྱི་ བཙག་འཐུ་ལས་ རྒྱལ་ཁ་ཐོབ་པའི་ཤུལ་ལུ་ སྲིད་ཚོགས་ཀྱི་ ལས་བྱེདཔ་ཚུ་ སྣང་མེད་བཞག་ཡོདཔ་ལས་ དེ་གིས་ ཚོགས་པའི་འདེམས་ངོ་ལུ་ དུམ་གྲ་ཅིག་ གནོད་འོང་ཟེར་ཨིན་པས།

ཚོགས་པའི་རྒེད་འོག་འགོ་འདྲེན་པ་བགྲེསཔ་ཅིག་གིས་ སླབ་མིའི་ནང་ སྐུལ་བསྒྲགས་ཀྱི་སྐབས་ལུ་ ཚོགས་པའི་རྒྱབ་སྐྱོར་པ་ཚུ་གིས་ དུས་ཚོད་བཏོན་ཏེ་ ལཱ་འབད་ཡོད་རུང་ བཙག་འཐུའི་ཤུལ་ལས་ བཀའ་དྲིན་དགའ་ཚོར་ཅིག་ཡང་མེདཔ་ལས་ སྲིད་ཚོགས་ཀྱི་ཡིག་ཚང་གིས་ འཐུས་དུམ་གྲ་རེ་ སྤྲོད་དགོ་པའི་ འོས་འབབ་མཐོང་ཡི་ཟེར་ཨིན་པས།

དུས་མིན་བཙག་འཐུའི་ གྲུབ་འབྲས་དེ་ འབྲུག་ཕུན་སུམ་ཚོགས་པའི་ འདེམས་ངོའི་སྐད་གྲགས་དང་ ལྕོགས་གྲུབ་ དེ་ལས་ སྲིད་ཚོགས་གཞན་གྱི་ འཐུས་མི་ཚུའི་ ངོས་ལེན་ལུ་ རག་ལས་ནི་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།


འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ 
རྡོ་རྗེ་གཡུ་སྒྲོན།


འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ 
ཀརྨ་ལྷ་མོ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *