ཚོགས་རྒྱན་གྱི་ གྲུབ་འབྲས་ཐོན་པའི་ཤུལ་ལས་ ཀརྨ་ལྷ་མོ་ལུ་ རྒྱབ་སྐྱོར་པ་ཚུ་ལས་ བཀྲིས་བདེ་ལེགས་ཀྱི་ བརྒྱུད་འཕྲིན་ལྷོད་པའི་བསྒང་།

མོང་སྒར་འདེམས་ཁོངས་ཀྱིས་ གཞུང་སྐྱོང་དང་ ཁས་བླངས་ཚུ་ལུ་ གཙོ་རིམ་བཟུང་ཡོདཔ།

༉ སྤྱི་ཟླ་༦ པའི་ཚེས་༢༩ ལུ་ འགོ་འདྲེན་འཐབ་མི་ མོང་སྒར་འདེམས་ཁོངས་ཀྱི་ དུས་མིན་བཙག་འཐུ་ནང་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ ཀརྨ་ལྷ་མོ་གིས་ ཚོགས་རྒྱན་བསྡོམས་༤,༡༤༩ ཐོབ་སྟེ་ མོ་རའི་དོ་འགྲན་པ་ལས་ ཚོགས་རྒྱན་ལོག་ལྟབ་ཐེབས་ཐོབ་སྟེ་ རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་སྦེ་ བཙག་འཐུ་གྲུབ་ཅི།

བཙག་འཐུ་ནང་ འགོ་དང་པ་ བཅའ་མར་གཏོགས་མི་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ རྡོ་རྗེ་གཡུ་སྒྲོན་གྱིས་ ཚོགས་རྒྱན་༢,༠༣༥ རྐྱངམ་གཅིག་ཐོབ་ནུག།

ཚོགས་རྒྱན་གྱི་ ཉིནམ་དེ་ནང་ དྲོ་པ་ས་སྨུག་སྤུབས་པའི་ཁར་ ཉི་མ་ཁམས་ཅིག་ཁར་ ཆརཔ་དུམ་གྲ་རེ་རྐྱབ་ནི་ འགོ་བཙུགས་ཡོདཔ་མ་ཚད་ སོ་ནམ་པ་ཚུ་ ལྕང་ལཱ་རྐྱབ་ནིའི་ དུས་ཚོད་ཨིན་རུང་ མང་ཤོས་ཅིག་གིས་ དུས་ཚོད་བཏོན་ཏེ་ ཚོགས་རྒྱན་བཙུགས་པར་འོང་ཡི།

ལ་ལོ་ཅིག་གིས་ སྣུམ་འཁོར་བོ་ལེ་རོ་དང་ སྒེར་འཁོར་གཞན་ཚུ་ནང་འཛུལ་ཏེ་འོང་སར་ མཐོང་ཡོདཔ་ད་ མི་ཚུ་གིས་ སླབ་མིའི་ནང་ རྡོ་རྗེ་གཡུ་སྒྲོན་ལས་ ཀརྨ་ལྷ་མོ་གདམ་ཁ་རྐྱབ་དགོ་མི་དེ་ཡང་ མོ་ར་གཞུང་སྐྱོང་ཚོགས་པའི་ འདེམས་ངོ་ཨིན་པའི་ཁར་ ཁས་བླངས་ཚུ་ འགྲུབ་ཚུགས་ཟེར་ གསལ་བསྒྲགས་འབད་མི་དང་ སྲིད་དང་འབྲེལ་བའི་ ཉམས་མྱོང་ཡོད་མི་ལུ་བརྟེན་ཨིན་ཟེར་ཨིན་པས།

མོ་གིས་ མོང་སྒར་དང་ འབྲས་སྤུངས་རྒེད་འོག་༢ ཀྱི་ ལབ་ཙ་བར་ན་ ཞིང་ལམ་རྩི་ནག་གཏང་ནིའི་ ཁས་བླངས་འབད་མི་དེ་གིས་ རྒེད་འོག་༢ ལུ་ པན་ཐོགས་འབྱུང་ནི་ཨིནམ་ལས་ མི་སེར་ཚུ་ སེམས་དགའ་ནུག་ཟེར་ སྐྱིད་བདེ་མཁར་ལས་ ཚོགས་རྒྱན་བཙུགས་མི་ ལྷ་འཛིན་གྱིས་ བཤདཔ་ཨིན་པས།

མོང་སྒར་རྒེད་འོག་ལས་ ཚོགས་རྒྱན་བཙུགས་མི་ ཚེ་བརྟན་གྱིས་ སླབ་མིའི་ནང་ ཁོ་གིས་ ཀརྨ་ལྷ་མོ་ལུ་ ཚོགས་རྒྱན་བཙུགས་མི་དེ་ཡང་ མོ་ལུ་ ཉམས་མྱོང་ཡོད་པའི་ཁར་ ཁ་དང་སྤོབ་ཡོདཔ་ལས་ མི་སེར་གྱི་ དཀའ་ངལ་དང་ ཚ་གྱ་ རེ་བ་ཚུ་ སྤྱི་ཚོགས་ནང་ ཞུ་ཚུགས་ནི་མས་མནོ་སྟེ་ཨིན་ཟེར་ཨིན་པས།

ལ་ལོ་ཅིག་གིས་འབད་བ་ཅིན་ ལྡོག་ཕྱོགས་ཚོགས་པ་དང་ཕྱདཔ་ད་ གཞུང་སྐྱོང་གི་འཐུས་མི་གིས་ ཁས་བླངས་འགྲུབ་ནིའི་ འོས་འབབ་སྦོམ་ཡོད་མི་ལུ་བརྟེན་ རྒྱབ་སྐྱོར་འབད་ཡི་ཟེར་ཨིན་པས།

འདེམས་ངོ་རྡོ་རྗེ་གཡུ་སྒྲོན་གྱིས་ མི་མང་རྩེད་འགྲན་སྐབས་ ཁས་བླངས་གསལ་བསྒྲགས་ཚུ་གི་སྐོར་ལས་ དྲི་བཀོད་འབད་བའི་ཤུལ་ལུ་ ཚོགས་རྒྱན་སྐྱུར་མི་ལ་ལོ་ཅིག་གི་ སེམས་གྱུར་ཡོད་རུང་ མོ་ལུ་ ཁས་བླངས་སོ་སོར་མེདཔ་ལས་ ཚོགས་རྒྱན་བཙུགས་མི་ཚུ་གི་ ཡིད་འཕྲོག་མ་ཚུགས་པས།

མི་ཅིག་གིས་ སླབ་མིའི་ནང་ རྡོ་རྗེ་གཡུ་སྒྲོན་ལུ་ ཁས་བླངས་གསལ་བསྒྲགས་མེད་རུང་ འཆར་གཞི་ནང་ཚུད་མི་ཚུ་ ཁས་བླངས་འབད་བ་ཅིན་ རྒྱབ་སྐྱོར་མངམ་འཐོབ་ནིའི་ གོ་སྐབས་མཐོང་ཡི་ཟེར་ཨིན་པས།

ཀརྨ་ལྷ་མོ་དེ་ བཙག་འཐུ་གྲུབ་མིའི་ གནད་དོན་ཅིག་ འདེམས་ཁོངས་ཀྱི་ མི་སེར་ཚུ་དང་ མཐུན་འབྲེལ་ལེགས་ཤོམ་ཡོདནི་དེ་གིས་ཨིནམ་ད་ སྤྱི་ལོ་༢༠༡༨ ཀྱི་ བཙག་འཐུ་ནང་ མོ་གིས་ འབྲུག་ཕུན་སུམ་ཚོགས་པའི་ འདེམས་ངོ་སྦེ་ ཙ་ཀ་གླིང་དང་ ཆ་གླིང་ རྩ་མང་རྒེད་འོག་༣ ནང་ལས་ རྒྱལ་ཡོད་རུང་ ད་རེས་ ཆ་གླིང་རྒེད་འོག་རྐྱངམ་གཅིག་ནང་མ་གཏོགས་ གཞན་རྒེད་འོག་༤ ཆ་ར་ལས་ རྒྱལ་ཁ་ཐོབ་ནུག།

ཨིན་རུང་ ཆ་གླིང་རྒེད་འོག་ནང་ ཀརྨ་ལྷ་མོ་གིས་ ཆ་གླིང་འབྲིང་རིམ་སློབ་གྲྭ་འོག་མ་ ལྟོ་ཐོབ་འབྲིང་རིམ་སློབ་གྲྭ་བར་མ་གུ་ རྒྱ་སྐྱེད་གཏང་ནི་དང་ ཞིང་ལམ་ཐེབས་བཏོན་ནིའི་ ཁས་བླངས་འབད་ཡོད་རུང་ ཚོགས་རྒྱན་སྐྱུར་མི་ཚུ་གི་ སེམས་འགྱུར་མ་ཚུགས་མི་དེ་ཡང་ གཙོ་བོ་ར་ མི་སེར་ཚུ་གིས་ ཁོང་རའི་ རྒེད་འོག་ནང་ལས་ཐོན་མི་ འདེམས་ངོ་ལུ་ རྒྱབ་སྐྱོར་འབད་ནུག།

ཆ་གླིང་སྤང་ཇག་པ་ལས་ སྐྱེས་ལོ་༤༡ ལང་མི་ སངས་རྒྱས་སྒྲོལ་མ་གིས་ སླབ་མིའི་ནང་ རྡོ་རྗེ་གཡུ་སྒྲོན་དེ་ རྒེད་འོག་ནང་ལས་ འདེམས་ངོ་ཐོན་མི་ འགོ་དང་པ་ཨིནམ་ལས་ རང་གི་རྒེད་འོག་གི་ མི་ལུ་ རྒྱབ་སྐྱོར་འབད་ནི་དེ་ ཁག་ཆེ་ཟེར་ཨིན་པས།

རྒྱལ་ཁ་ཐོབ་པའི་ཤུལ་ལུ་ འགྲུལ་འཕྲིན་ཐོག་ རྒྱབ་སྐྱོར་པ་ཚུ་ལུ་ བཀྲིན་དགའ་ཚོར་བསྐྱེད་མི་ ཀརྨ་ལྷ་མོ་གིས་ སླབ་མིའི་ནང་ མོ་གིས་ དུས་མིན་བཙག་འཐུ་ནང་ རྒྱལ་མི་དེ་ མོ་ར་ རྒྱལ་ཁ་ཐོབ་མེན་པར་ མོང་སྒར་འདེམས་ཁོངས་ཀྱི་ མི་སེར་ཚུ་ རྒྱལ་ཁ་ཐོབ་ཨིན་ཟེར་ཨིན་པས།

ཨིན་རུང་ མོ་ལུ་ བློ་གཏད་ཡིད་ཆེས་བསྐྱེད་ རྒྱབ་སྐྱོར་མཛད་གནངམ་ད་ ང་ལས་ རེ་བ་སྦོམ་ཡོད་དོ་འོང་ནི་མས་ཟེར་ ཚ་གྱང་ཡང་ ལངམ་མ་ཚད་ འགན་ཁུར་ཡང་ སྦོམ་ཕོག་ཅི་ཟེར་ ཀརྨ་ལྷ་མོ་གིས་ བཤདཔ་ཨིན་པས།

རྡོ་རྗེ་གཡུ་སྒྲོན་གྱིས་ སླབ་མིའི་ནང་ མོ་གིས་ བཙག་འཐུ་ནང་ལས་ རྒྱལ་ཁ་འཐོབ་ནི་བ་ ཟླཝ་༡ གི་ བཙག་འཐུའི་བྱ་རིམ་ནང་ བཅའ་མར་གཏོགས་པའི་ཤུལ་ལས་ ཉམས་མྱོང་དང་ ཡོན་ཏན་མངམ་ཐོབ་ནི་དེ་གིས་ བསམ་པ་རྫོགས་ཅི་ཟེར་ཨིན་པས།

ཚོགས་རྒྱན་གྱི་ ཉིནམ་སྐབས་ ཚོགས་རྒྱན་ས་ཁོངས་༢༢ ཆ་མཉམ་ དྲོ་པའི་ཆུ་ཚོད་༨ ལས་ ཕྱི་རུའི་ཆུ་ཚོད་༦ ཚུན་ སྒོ་ཕྱེ་བཞག་ཡོདཔ་ཨིན་པས།

མོང་སྒར་འདེམས་ཁོངས་ནང་ ཚོགས་རྒྱན་བཙུགས་མི་བསྡོམས་༡༡,༠༧༤ ཡོད་ས་ལས་༦,༡༨༤ གིས་ ཚོགས་རྒྱན་བཙུགས་མི་དེ་ བརྒྱ་ཆ་༥༥.༨ ཨིན་རུང་ འཕྲུལ་ཆས་ཐོག་ ཚོགས་རྒྱན་བཙུགས་མི་དེ་ བརྒྱ་ཆ་༤༠ ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *