མོང་སྒར་ཤར་ཕྱོགས་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་།

མོང་སྒར་དང་ ལྷུན་རྩེ་ལུ་ ཀོ་བིཌ་-༡༩ འི་བརྟག་དཔྱད་འབད་མི་ཚུ་ལུ་ ནད་རྟགས་མེདཔ།

༉ བུམ་ཐང་ལུ་ སྐྱེས་ལོ་༣༦ ལང་མི་ ཨམ་སྲུ་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་སྟེ་ཡོདཔ་ བདའ་ཟུན་པའི་ཤུལ་ལུ་ མོ་དང་ ཐད་ཀར་དུ་ འབྲེལ་བ་འཐབ་མི་༧ མོང་སྒར་ལུ་ ཟུར་བཞག་མཐུན་རྐྱེན་ནང་ བཞག་ཡོདཔ་བཞིན་དུ་ བདུན་ཕྲག་༡ གི་རྒྱབ་ལས་ སྤྱི་ཟླ་༡༢ པའི་ཚེས་༣༠ ལུ་ ཀོ་བིཌ་-༡༩ འི་ བརྟག་དཔྱད་ཐེངས་༢ པ་འབདཝ་ད་ ནད་རྟགས་མེད་པའི་ གྲུབ་འབྲས་ཐོན་ནུག།

བརྟག་དཔྱད་ཐེངས་༢ པའི་ གྲུབ་འབྲས་ཚུ་ཡང་ འབྲེལ་བ་འཐབ་མི་ཚུ་ ཟུར་བཞག་ནང་ བཞག་པའི་སྐབས་ བརྟག་དཔྱད་ཐེངས་དང་པ་དང་ དབྱེ་བ་ག་ནི་ཡང་མེདཔ་སྦེ་ ཐོན་ཡོདཔ་ཨིན་པས།

ནད་རྟགས་མེད་པའི་ གྲུབ་འབྲས་ཐོན་པའི་ཤུལ་ལས་ ཐད་ཀར་གྱི་ འབྲེལ་བ་ཡོད་མི་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་མི་ ངོ་རྐྱང་༧༠ ལྷགཔ་ཅིག་ བདུན་ཕྲག་༡ གི་རིང་ རང་སོའི་ཁྱིམ་ནང་ ཟུར་བཞག་མི་དེ་ ད་ལས་ཕར་ ཟུར་སྡོད་མ་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།

དེ་འབདཝ་ད་ ཐད་ཀར་དུ་ འབྲེལ་བ་འཐབ་མི་༧ གྱི་ བརྟག་དཔྱད་མཇུག་ཐེངས་༣ པ་དེ་ ཟུར་བཞག་གི་ གནས་ཡུན་བདུན་ཕྲག་༣ ལངམ་ད་ འབད་ནི་ཨིན་པས།

ད་ཚུན་ མོང་སྒར་ཀོ་བིཌ་-༡༩ བརྟག་དཔྱད་ཁང་ནང་ པི་སི་ཨར་བརྟག་དཔྱད་༡,༥༥༠ དང་ ཨེན་ཊི་ཇཱན་བརྟག་དཔྱད་༡,༥༠༠ དེ་ལས་ ཨེན་ཊི་བི་ཌི་བརྟག་དཔྱད་༡༠ དེ་ཅིག་ འབད་མི་ཚུ་ལུ་ཡང་ ནད་རྟགས་མ་ཐོན་པས།

དེ་ལས་ མོང་སྒར་ཤར་ཕྱོགས་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ནང་ ཀོ་བིཌ་-༡༩ ཐོབ་མིའི་ནདཔ་༦ ཡོད་མི་ཚུ་ཡང་ བུམ་ཐང་དང་ ཀྲོང་གསར་ལས་ བསྐྱལ་ཡོདཔ་ཨིན་པས།

བུམ་ཐང་ལུ་ སྐྱེས་ལོ་༣༨ ལང་མི་ ཕོ་སྐྱེས་དང་ སྐྱེས་ལོ་༣༦ ལང་མི་ གནས་ཚང་དང་གཅིག་ཁར་ སྐྱེས་ལོ་༦ ལང་མི་བུམོ་ དེ་ལས་ ཀྲོང་གསར་ལུ་ སྐྱེས་ལོ་༢༣ ལང་མི་ ཨམ་སྲུ་༡ ལུ་ ནད་ཡམས་ཐོབ་ཡོད་པའི་ ངོས་བཟུང་འབད་བའི་ཤུལ་ལས་ ནདཔ་༤ ཆ་ར་ སྤྱི་ཟླ་༡༢ པའི་ཚེས་༢༥ ལུ་ མོང་སྒར་སྨན་ཁང་གི་ རྐྱང་གནས་ཟུར་བཞག་ལྟེ་བའི་ནང་བསྐྱལ་ནུག།

ད་རུང་ ནད་ཡམས་ཐོབ་མི་དང་ འབྲེལ་བ་འཐབ་མི་ལས་ ཀོ་བིཌ་-༡༩ ཐོབ་མི་ ན་ཆུང་སྐྱེས་ལོ་༡༢ དང་༡༥ ལང་མི་༢ ཡང་ སྤྱི་ཟླ་༡༢ པའི་ཚེས་༢༩ ལུ་ བུམ་ཐང་ལས་ མོང་སྒར་སྨན་ཁང་ནང་ བསྐྱལ་ཡོདཔ་ཨིན་པས།

ལྷུན་རྩེ་རྫོང་ཁག།

དེ་ལས་ ལྷུན་རྩེ་རྫོང་ཁག་ནང་ཡང་ འགྲོ་འགྲུལ་བཀག་དམ་ འགོ་བཙུགས་པའི་སྐབས་ ཐིམ་ཕུག་དང་ ནང་འཁོད་ལུ་ ནད་ཡམས་ཁྱབ་སྤེལ་སོང་ཡོད་མི་ རྫོང་ཁག་ཚུ་ནང་ལས་ ཀུར་སྟོད་རྒེད་འོག་ནང་ གནས་སྐོར་ལུ་ འོང་མི་ཚུ་ལུ་ཡང་ ཀོ་བིཌ་-༡༩ འི་ ནད་རྟགས་མེདཔ་ཐོན་ནུག།

དེ་འང་ ཀུར་སྟོད་ལུ་ གནས་རིན་ཆེན་བུམ་པ་མཇལ་བར་འོང་མི་ གནས་སྐོརཔ་༥༢ འབད་མི་ སྡེ་ཚན་༤ དང་ གཞུང་འབྲེལ་གྱི་དོན་ལུ་འོང་མི་ འགོ་དཔོན་༤ སྤྱི་ཟླ་༡༢ པའི་ཚེས་༢༢ ལས་ཚུར་ ཁྱིམ་ནང་ཟུར་བཞག་པའི་སྐབས་ བརྟག་དཔྱད་ཐེངས་༢ པའི་ གྲུབ་འབྲས་ནང་ ཨེན་ཊི་ཇཱན་དང་པི་སི་ཨར་གཉིས་ཆ་རའི་ནང་ ནད་འབུབ་མེདཔ་སྦེ་ ཐོན་པའི་ཤུལ་ལས་ ལོག་རང་སོའི་རྫོང་ཁག་ནང་ བཏང་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *