མོང་སྒར་དང་ ལྷུན་རྩེ་རྫོང་ཁག་ནང་ ཀོ་བིཌ-༡༩ འི་ སྨན་ཁབ་དོན་ལུ་གྲ་སྒྲིག།

༉ རྒྱལ་ཁབ་ནང་ ནད་ཡམས་ཀོ་བིཌ-༡༩ འི་ སྨན་ཁབ་བཙུགས་ནིའི་དོན་ལུ་ གྲ་སྒྲིག་འབད་དོ་བཟུམ་སྦེ་ མོང་སྒར་རྫོང་ཁག་ནང་ཡང་ ད་རིས་ མོང་སྒར་རྫོང་ནང་སྦེ་ སྐྱེས་ལོ་༣༠ ལང་མི་ ཟ་མ་སྤྲེལ་ལོ་མ་ཅིག་གིས་ འགོ་བཙུགས་ཏེ་ རྫོང་བདག་དང་ བླམ་གནས་བརྟན་ དྲང་དཔོན་ དེ་ལས་ རྫོང་ཁག་བདག་སྐྱོང་གི་ ལས་བྱེདཔ་ཚུ་ སྨན་ཁབ་བཙུགས་ནི་ཨིན་པས།

མོང་སྒར་ཤར་ཕྱོགས་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་བརྩིས་ཏེ་ མོང་སྒར་རྒེད་འོག་དང་ ཁྲོམ་གྱི་ཉེ་འདབས་ས་ཁོངས་ནང་ སྨན་ཁབ་བཙུགས་སའི་ས་ཁོངས་༢༦ ཡོད་ས་ལས་ ཉིནམ་དང་པའི་ནང་ ས་ཁོངས་༥ ནང་ སྨན་ཁབ་བཙུགས་ནི་ཨིན་པས།

རྫོང་ཁག་གསོ་བའི་འགོ་དཔོན་ ཚེ་རིང་རྡོ་རྗེ་དང་འཁྲིལཝ་ད་ རྫོང་ཁག་གི་ ལས་བྱེདཔ་དང་ རབ་སྡེའི་དགེ་སློང་ཚུ་ རྫོང་གི་ས་ཁོངས་ནང་དང་ ཁྲིམས་སྲུང་འགག་པའི་ བཟའ་ཚང་ཚུ་གི་དོན་ལུ་ འགག་སྡེའི་ས་ཁོངས་ ཁྲོམ་དང་ཁྲོམ་གྱི་ ཉེ་འདབས་ལུ་སྡོད་མི་ཚུ་ ལུང་ཕྱོགས་གཙོ་བསྟེན་སྨན་ཁང་དང་ མོང་སྒར་སློབ་གྲྭ་ཆེ་བ་ འབྲིང་རིམ་སློབ་གྲྭ་བར་མ་ཚུ་ནང་དང་ དེ་ལས་ སྤྲེལ་གླིང་དང་ པིར་མ་ནི་ ཕོ་སོ་རོང་ཚུ་གི་དོན་ལུ་ རི་ད་ཟ་སློབ་གྲྭ་ཆུང་བའི་ནང་ སྨན་ཁབ་བཙུགས་ནི་ཨིན་པས།

དེ་ལས་ སྨན་བཅོས་ལུ་ བསྟེན་སྡོད་མི་ཚུ་འབད་བ་ཅིན་ ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ནང་ སྨན་ཁབ་བཙུགས་དགོཔ་ཨིན་པས།

དེ་བཟུམ་སྦེ་ རྒེད་འོག་མང་ཤོས་ཅིག་ནང་ རང་ལུགས་ཀྱི་རྟེན་འབྲེལ་བརྩི་ཐོག་ལས་ སྨན་ཁབ་བཙུགས་ནིའི་ལས་རིམ་ཡོདཔ་ད་ མཐའ་ཟུར་གྱི་ བ་ལམ་རྒེད་འོག་ནང་འབད་བ་ཅིན་ འགོ་དང་པ་ ཁེབ་ཤིང་ལྷ་ཁང་ནང་སྦེ་ ལྷ་བསང་ཁྲུས་གསོལ་འབད་ཞིནམ་ལས་ གཡུས་ཁའི་བུམོ་ སྤྲེལ་ལོ་མ་ཅིག་གིས་འབད་ སྨན་ཁབ་འགོ་བཙུགས་ཞིནམ་ལས་ རྒེད་འོག་དམངས་མི་དང་ དེ་ལས་ ཁེབ་ཤིང་སྤྱི་འོག་གི་མི་སེར་༨༠ ལྷགཔ་ཅིག་ལུ་ ཁབ་བཙུགས་ནིའི་ལས་རིམ་འདུག།

དེ་གི་ཤུལ་ལས་ འབད་ཚུགས་པ་ཅིན་ འཕྲོ་མཐུད་དེ་ ས་གནས་དེ་ཁར་ལས་ སྐར་མ་༢༠ དེ་ཅིག་འགྱོ་དགོ་པའི་ བ་ཀ་ཕའི་སྤྱི་འོག་ནང་ འགྱོ་ནིའི་ལས་རིམ་འདུག།

བ་ལམ་དམངས་མི་ བདེ་ཆེན་དབང་འདུས་ཀྱིས་ སླབ་མིའི་ནང་ རྒེད་འོག་གི་ སྤྱི་འོག་༥ ནང་ སྨན་ཁབ་བཙུགས་མི་༧༦༠ ལྷགཔ་ཅིག་ཡོད་མི་ཚུ་ ཉིནམ་༣ དེ་ཅིག་ནང་ ཁྱབ་ཚུགས་པའི་རེ་བ་ཡོད་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ རྒེད་འོག་གི་ མི་སེར་དག་པ་ཅིག་ འགོ་ཐོག་ལུ་ སྨན་ཁབ་བཙུགས་ནི་ལུ་ གཡང་ཟ་སུ་ཅིག་ཨིན་རུང་ རྒེད་འོག་དང་ གསོ་བའི་ལྟེ་བ་གིས་ གོ་བརྡ་སྤྲོད་པའི་ཤུལ་ལས་ ད་ལྟོ་ ཧ་ལམ་ ཆ་མཉམ་གྱིས་ ངོས་ལེན་འབད་དེ་ཡོད་ཟེར་ཨིན་པས།

དེ་བཟུམ་སྦེ་ ལྕགས་མཁར་རྒེད་འོག་ནང་ཡང་ དྲོ་པའི་ཆུ་ཚོད་ཕྱེད་དང་༨ དེ་ཅིག་ལས་ རྟེན་འབྲེལ་གྱི་ ཆོ་ག་འགོ་བཙུགས་ཞིནམ་ལས་ ཁྲུས་གསོལ་བཏང་སྟེ་ ཆུ་ཚོད་ཕྱེད་དང་༡༠ ལུ་ སྤྱི་འོག་༥ ཡོད་ས་ལས་ སྤམ་སྤྱི་འོག་ནང་ལས་ སྨན་ཁབ་འགོ་བཙུགས་ནི་ཨིན་པས།

ལྕགས་ས་མཁར་རྒཔོ་ པདྨ་རྡོ་རྗེ་གིས་ སླབ་མིའི་ནང་ རྒེད་འོག་ནང་ སྨན་ཁབ་བཙུགས་མི་༡,༥༧༢ ཡོད་ས་ལས་ དང་འདོད་མེད་མི་ གཅིག་ཡང་མ་འཐོན་ཟེར་ཨིན་པས།

དེ་ལས་ ཆ་གླིང་རྒེད་འོག་ནང་ཡང་ དྲོ་པ་ སངས་རྒྱས་སྨན་བླའི་ སྨོན་ལམ་གནང་ཐོག་ལས་ ཆུ་ལི་སྦིས་སྤྱི་འོག་ནང་ གཞོང་རྗེས་ཡན་ལག་སྨན་ཁང་ནང་ལས་སྦེ་ སྨན་ཁབ་འགོ་བཙུགས་ནིའི་ ལས་རིམ་ཡོད་ཟེར་ ཆ་གླིང་རྒཔོ་ བཀྲ་ཤིས་དོན་གྲུབ་ཀྱིས་ བཤདཔ་ཨིན་པས།

མོང་སྒར་རྫོང་ཁག་ནང་ ཁྲོམ་དང་ རྒེད་འོག་༡༧ ནང་ སྐྱེས་ལོ་༡༨ ཡན་བཅད་ ཐོ་བཀོད་འབད་མི་ སྨན་ཁབ་བཙུགས་མི་༢༥,༠༠༠ དེ་ཅིག་ཡོད་མི་ཚུ་ ས་ཁོངས་ཡོངས་བསྡོམས་༡༡༢ ནང་ སྨན་ཁབ་བཙུགས་ནི་ཨིན་པས།

རྫོང་ཁག་ནང་འཁོད་ཀྱི་ ས་ཁོངས་ཚུ་ནང་ ལྟ་རྟོག་འབད་ནིའི་དོན་ལུ་ ཌོག་ཊར་༡༧ དེ་ཅིག་ གཞི་བཙུགས་འབད་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ ལྷུན་རྩེ་རྫོང་ཁག་ནང་འབད་བ་ཅིན་ ཨའུ་མཚོ་རྣམ་གྲོལ་གླིང་དགོན་འཛིན་གྲྭ་ཚང་ནང་སྦེ་ སྐྱེས་ལོ་༣༠ ལང་མི་ སྤྲེལ་ལོ་མ་གིས་ འགོ་འབྱེད་ཐོག་ རྫོང་བདག་དང་ དྲང་དཔོན་ དེ་ལས་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་དང་ གྲྭ་ཚང་གི་ དགེ་སློང་ཞལ་གྲངས་༡༠༥ ཡོད་མི་ཚུ་ སྨན་ཁབ་བཙུགས་ནིའི་ ལས་རིམ་ཡོདཔ་ཨིན་པས།

རྫོང་ཁག་གསོ་བའི་འགོ་དཔོན་ ཨོ་རྒྱན་རྡོ་རྗེ་གིས་ སླབ་མིའི་ནང་ རྫོང་ཁག་ནང་ སྨན་ཁབ་བཙུགས་མི་༨,༩༠༢ ཡོད་མི་ཚུ་ ས་ཁོངས་ཁག་༡༥ ནང་ སྨན་ཁབ་བཙུགས་ནིའི་ ལས་རིམ་ཡོདཔ་ད་ གནས་སྟངས་ལྟ་རྟོག་གི་དོན་ལུ་ ཕྱོགས་སྡེ་༣ བཟོ་སའི་ནང་ ཌོག་ཊར་རེ་ ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *