འགྲོ་འགྲུལ་བཀག་དམ་འབད་ཡོད་མི་ མོང་སྒར་ཁྲོམ།

མོང་སྒར་དང་ ལྷུན་རྩེ་གིས་ ཁ་ཙ་ ཉིན་མའི་ཆུ་ཚོད་༡ ལས་ འགྲོ་འགྲུལ་བཀག་དམ་འབད་ཡོདཔ།

༉ མོང་སྒར་རྫོང་ཁག་གིས་ ཁ་ཙ་ ཉིན་མའི་ཆུ་ཚོད་༡ ལས་ འགྲོ་འགྲུལ་བཀག་དམ་འབད་ནི་ འགོ་བཙུགས་ཡི།

ས་ཁོངས་༤ བཟོ་ཡོད་མི་ཚུ་ནང་ ད་རིས་ལས་ ཕྱི་ཁར་འཐོན་ཆོགཔ་བཟོ་ནི་ཨིན་རུང་ ངོས་འཛིན་འབད་མི་ཚོང་ཁང་དང་ ཟ་ཁང་ཚུ་ ནངས་པ་ལས་རྐྱངམ་གཅིག་ སྒོ་ཕྱེ་ནི་ཨིན་པས།

རྫོང་ཁག་ལས་བྱེད་ཚོགས་ཆུང་དང་འཁྲིལཝ་ད་ རྫོང་ཁག་གིས་ འགྲོ་འགྲུལ་བཀག་ལས་རིམ་དེ་ ཧེ་མ་དང་མ་འདྲཝ་ཅིག་སྦེ་ བཟོ་སྟེ་ཡོད་ཟེར་ཨིན་པས།

འདས་པའི་འགྲོ་འགྲུལ་བཀག་དམ་སྐབས་ ཁྲོམ་གྱི་ས་ཁོངས་ནང་ ཁྲོམ་གཙོ་བོ་དང་ སྤྲེལ་གླིང་ས་ཁོངས་དང་ བྱ་རུང་ཁ་ཤོར་དང་ སྨན་ཁང་ས་ཁོངས་ དེ་ལས་ ལྕང་ཤིང་སྤེག་དང་ བཀའ་གདམས་ས་ཁོངས་ཟེར་ ས་ཁོངས་ཁག་༤ བཟོ་ཡོདཔ་ཨིན་པས།

ཧེ་མ་འབད་བ་ཅིན་ ཉིནམ་༡ ནང་ ས་ཁོངས་ཅིག་ནང་སྡོད་མི་ཚུ་གིས་ དུས་ཡུན་ཆུ་ཚོད་༢ ཀྱི་རིང་ བསྐོར་རྒྱབ་སྦེ་ ཕྱི་ཁར་འཐོན་ཆོགཔ་ཨིན་རུང་ ད་རེས་ རང་སོའི་བསྐོར་རྒྱབ་ལུ་ ཁྲོམ་ཁར་སྡོད་མི་འབད་བ་ཅིན་ ཁྲོམ་གྱི་ས་ཁོངས་ནང་ དྲོ་པའི་ཆུ་ཚོད་༩ ལས་ ཕྱི་རུའི་ཆུ་ཚོད་༣ ཚུན་ ཕྱི་ཁར་འཐོན་ཏེ་ ཉོ་ཚོང་རྐྱབ་ཆོག་ནི་ཨིན་རུང་ རང་སོའི་ས་ཁོངས་ནང་ལས་ ཕྱི་ཁར་འཐོན་མི་ཆོག་ནི་ཨིན་པས།

དེ་ལས་ རྒེད་འོག་ས་ཁོངས་ཚུ་ནང་ཡང་ རང་སོའི་རྒེད་འོག་ནང་ འགྲོ་འགྲུལ་འབད་ཆོག་ནི་ཨིན་པའི་ཁར་ སློབ་གྲྭ་དང་ གཙུག་སྡེ་ཚུ་ནང་ཡང་ རང་སོའི་ས་ཁོངས་ཚུ་ནང་ འགྲོ་འགྲུལ་འབད་ཆོག་ནི་ཨིན་པས=

དེ་ལས་ ངོས་འཛིན་འབད་ཡོད་མི་ ཟ་ཚང་ཚུ་ཡང་ སྒོ་ཕྱེ་ཆོག་ནི་ཨིན་རུང་ ཟ་ཁང་ནང་སྡོད་དེ་ བཟའ་མི་ཆོག་ནི་ཨིནམ་ལས་ ཕྱི་ཁར་འབག་འགྱོ་ཞིནམ་ལས་ བཟའ་དགོཔ་ཨིན་པས།

འགྲོ་འགྲུལ་བཀག་དམ་སྐབས་ དང་འདོད་ཅན་གྱི་ ཁྲོམ་གྱི་གཏན་འཇགས་ཀྱི་ ཚོད་བསྲེ་ཚོང་པ་ཚུ་གིས་ གཡུས་སྒོ་ཚུ་ནང་ སོང་ཞིནམ་ལས་ སོ་ནམ་པ་ཚུ་ལས་ ཟ་ཆས་ཚུ་མཁོ་སྒྲུབ་འབད་དེ་ བཀྲམ་སྤེལ་འབད་ནི་ཨིན་རུང་ སྒྲིག་གཞི་ལག་ལེན་འཐབ་ཐོག་ལས་ ལས་བྱེདཔ་འགོ་དཔོན་ཚུ་དང་སྦྲགས་ཏེ་ གཏང་ནི་ཨིན་པས།

དེ་བཟུམ་སྦེ་ ལྷུན་རྩེ་རྫོང་ཁག་ནང་ འགྲོ་འགྲུལ་བཀག་དམ་དེ་ ཁ་ཙ་ ཕྱི་རུའི་ཆུ་ཚོད་༥ ལས་ འགོ་བཙུགས་ནུག།

ལྷུན་རྩེ་རྫོང་བདག་ འཇམ་དཔལ་དབང་ཕྱུག་གིས་ སླབ་མིའི་ནང་ རྫོང་ཁག་ནང་ ཕག་གླིང་དང་ ཨའུ་མཚོའི་ས་ཁོངས་༢ བཟོ་ཡོད་མིའི་ནང་ སྔར་བཞིན་ལག་ལེན་འཐབ་ནི་ཨིནམ་ད་ རྒེད་འོག་དང་སློབ་གྲྭ་ དེ་ལས་ གཙུག་སྡེ་ཚུ་ནང་ རང་སོའི་ས་ཁོངས་ནང་ ཕྱི་ཁར་འཐོན་ཆོག་ཟེར་ཨིན་པས།

ཕྱི་ཁར་འགྱོ་ནིའི་ དུས་ཚོད་ཡང་ འདས་པའི་འགྲོ་འགྲུལ་བཀག་དམ་སྐབས་ བཟོ་ཡོད་པའི་ལམ་ལུགས་རྙིངམ་དང་འཁྲིལ་ དུས་ཡུན་ཆུ་ཚོད་༤ དེ་ཅིག་ བཞག་ནི་ཨིན་པས།

དེ་ལས་ འགྲོ་འགྲུལ་བཀག་དམ་གྱི་དུས་ཡུན་དེ་ཡང་ བདུན་ཕྲག་༡ གི་རིང་འབད་ནི་དེ་གིས་ ཕྱི་ཁར་འཐོན་ཆོག་པའི་དུས་ཚོད་ནང་ རང་གིས་ཉོ་དགོཔ་ཨིན་རུང་ གལ་སྲིད་ དགོས་མཁོ་ཅན་གྱི་ གནས་སྟངས་སྐྱོ་དྲགས་ནང་ ཡོད་མི་རེ་ཡོད་པ་ཅིན་ རྫོང་ཁག་བདག་སྐྱོང་གིས་ རྒྱབ་སྐྱོར་འབད་འོང་ཟེར་ ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *