ཆ་གླིངཔ་ཚུ་གིས་ ཐིམ་ཕུག་ལུ་ ཚོད་བསྲེ་མེ་ཊིག་ཊཱོན་༥ ལྷགཔ་ཅིག་ བཀྲམ་སྤེལ་འབད་ཡོདཔ་ཨིན་མས།

མོང་སྒར་གྱིས་ རྫོང་ཁག་གཞན་ཁར་ ཚོད་བསྲེ་མ་ལང་པའི་དཀའ་ངལ་ཚུ་ སེལ་ཐབས་འབད་དོ་ཡོདཔ།

༉ རྒྱལ་ཡོངས་འགྲོ་འགྲུལ་བཀག་དམ་ ཐེངས་༢ པའི་སྐབས་ མོང་སྒར་གྱི་ མི་སེར་སོ་ནམ་པ་ཚུ་གིས་ ཚོད་བསྲེ་བསྡུ་ནི་དང་ སྒམ་རྐྱབ་ནི་ དེ་ལས་ སྐྱེལ་འདྲེན་གྱི་ལཱ་ཚུ་འབད་དེ་ འདུ་འཛི་ཅན་སྦེ་ སྡོད་སར་མཐོངམ་ཨིན་པས།

དེ་ཡང་ རྫོང་ཁག་སོ་ནམ་འགོ་དཔོན་ཚུ་གིས་ འགྲོ་འགྲུལ་བཀག་དམ་སྐབས་ ཚོད་བསྲེའི་རིགས་ཚུ་ བཀྲམ་སྤེལ་འབད་ནི་ལུ་ ཆ་རོགས་འབད་མི་ལུ་བརྟེན་ཨིན་པས།

སོ་ནམ་འགོ་དཔོན་ཚུ་གིས་ ད་ལྟོ་ཚུན་ ཚོད་བསྲེ་བསྡུ་ལེན་འབད་ནི་དང་ བཀྲམ་སྤེལ་འབད་དེ་ ཉིན་གྲངས་༡༠ ལྷགཔ་ཅིག་ ལང་དོ་ཡོདཔ་ད་ མོང་སྒར་རྫོང་ཁག་སོ་ནམ་སྡེ་ཚན་གྱིས་ ཐིམ་ཕུག་གིས་མ་ཚད་པར་ བུམ་ཐང་དང་ བཀྲིས་སྒང་ལུ་ཡང་ བཀྲམ་སྤེལ་འབད་ཡོདཔ་ཨིན་པས།

ཆ་གླིང་ལས་ སངས་རྒྱས་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཚོད་བསྲེའི་ལཱ་འབད་དེ་ ལོ་ངོ་བཅུ་ཕྲག་༢ དེ་ཅིག་ལང་ཡི་ཟེར་ཨིནམ་ད་ ཧེ་མ་དང་ཕྱདཔ་ད་ ཚོད་བསྲེ་རྒྱ་ཆེ་དྲགས་སྦེ་ འཛུགས་སྐྱོང་འབད་མི་ ལེ་ཤ་ཡོད་ཟེར་ཨིན་པས།

ཁོ་གིས་ ཚོད་བསྲེའི་རིགས་ཚུ་ ཀེ་ཇི་རེ་ལུ་ གོང་ཚད་དངུལ་ཀྲམ་༣༠ ལས་༡༠༠ འི་བར་ན་སྦེ་ བཙོང་དོ་ཡོད་རུང་ འགྲོ་འགྲུལ་བཀག་དམ་ལུ་བརྟེན་ དངུལ་ཀྲམ་༦༠ རེ་སྦེ་ བྱིན་ཡི་ཟེར་ཨིནམ་ད་ ད་ཚུན་ འོང་འབབ་དངུལ་ཀྲམ་༨༠,༠༠༠ དེ་ཅིག་ བཟོ་ཚུགས་ཅི་ཟེར་ཨིན་པས།

ཁོ་གིས་ བཀྲིས་གཡང་རྩེ་དང་ ངང་ལམ་གྱི་ ས་གནས་ཚུ་ནང་ཡང་ ཚོད་བསྲེ་བཀྲམ་སྤེལ་འབད་ཡོདཔ་ཨིན་པས།

སོ་ནམ་པ་ སྲིད་ཐར་དབང་མོ་གིས་ མོ་ལུ་ ས་ཞིང་ཌེ་སི་མཱལ་༢༠ ཡོད་མིའི་ནང་ ཚོད་བསྲེ་ཚུ་ འཛུགས་སྐྱོང་འབད་ཡོདཔ་བཞིན་དུ་ ཨ་རྟག་འབད་བ་ཅིན་ འོང་འབབ་ལེགས་ཤོམ་འཐོབ་ནི་ཡོད་རུང་ ད་རེས་ དངུལ་ཀྲམ་༣༠,༠༠༠ ལས་བརྒལ་ བཟོ་མ་ཚུགས་ཟེར་ སླབ་ཨིན་པས།

ད་ལྟོའི་གནས་སྟངས་ ཧ་གོ་སྟེ་ ཚོད་བསྲེའི་གོང་ཚད་འབད་རུང་ རན་ཏོག་ཏོ་སྦེ་བྱིན་ཡི་ཟེར་ མོ་གིས་ བཤད་པའི་ཁར་ ཨ་རྟག་འབད་བ་ཅིན་ མེ་ཏོག་ཧོན་ཚོད་དང་ མེ་ཏོག་ཀོ་པི་ཚུ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༠༠ རེ་ འཐོབ་ནི་ཡོད་ཟེར་ཨིནམ་ད་ ད་རེས་ གོང་ཚད་དམའ་སུ་སྦེ་ བཙོང་ཡི་ཟེར་ཨིན་པས།

མོ་གིས་འབད་བ་ཅིན་ འགྲོ་འགྲུལ་བཀག་དམ་སྐབས་ སོ་ནམ་འགོ་དཔོན་ཚུ་གིས་ ཚོད་བསྲེ་བཙོང་བྱིན་ནི་དེ་གིས་ ཚོང་འབྲེལ་ལུ་ དཀའ་ངལ་མ་བྱིན་ཟེར་ཨིནམ་ད་ ག་དེམ་ཅིག་སྦེ་ བཙོང་མ་བྱིན་པ་ཅིན་ རུལ་རུལཝ་འོང་ཟེར་ཨིན་པས།

རྫོང་ཁག་སོ་ནམ་སྡེ་ཚན་དང་འཁྲིལ་བ་ཅིན་ ཁ་ཙ་ཚུན་ ཐིམ་ཕུག་ལུ་ ཚོད་བསྲེ་སྣ་ཚོགས་ མེ་ཊིག་ཊཱན་༡༩ དང་ ངང་ལམ་ལུ་ མེ་ཊིག་ཊཱན་༦.༣ བུམ་ཐང་ལུ་ མེ་ཊིག་ཊཱན་༧ དེ་ལས་ བཀྲིས་སྒང་དང་བཀྲིས་གཡང་རྩེ་ལུ་ མེ་ཊིག་ཊཱན་༢.༣ དེ་ཅིག་ བཀྲམ་སྤེལ་འབད་ཡི་ཟེར་ཨིན་པས།

རྫོང་ཁག་སོ་ནམ་འགོ་དཔོན་ ཀུན་བཟང་ཚེ་རིང་གིས་ སླབ་དོ་བཟུམ་འབད་བ་ཅིན་ མོང་སྒར་རྫོང་ཁག་ནང་ སྒོགཔ་དང་ བླམ་བན་ད་མ་གཏོགས་ ཚོད་བསྲེ་སྣ་ཚོགས་ ཐོན་སྐྱེད་འབད་དོ་ཡོདཔ་ལས་ ཚོད་བསྲེའི་དཀའ་ངལ་མེད་ཟེར་ཨིནམ་ད་ ཐང་རོང་དང་ སྐྱེངས་མཁར་རྒེད་འོག་མ་གཏོགས་ གཞན་རྒེད་འོག་༡༥ ལས་ ཚོད་བསྲེའི་རིགས་ཚུ་ བསྡུ་ལེན་འབད་དེ་ རྫོང་ཁག་གཞན་ཚུ་ནང་ བཀྲམ་སྤེལ་འབད་ཡི་ཟེར་ཨིན་པས།

ད་ལྟོ་ ཐོན་སྐྱེད་འབད་མི་ཚོད་བསྲེ་ཚུ་ ས་དམའ་སར་ འཛུགས་སྐྱོང་འབད་མི་ ཚོད་བསྲེ་ཚུ་ཨིན་ཟེར་ ཁོ་གིས་ བཤད་པའི་ཁར་ རྫོང་ཁག་སོ་ནམ་སྡེ་ཚན་གྱིས་ ཚོད་བསྲེ་འབོར་ཚད་དང་ ནང་འདྲེན་འབད་མི་ཚོད་བསྲེ་ལུ་ གཞི་བཞག་སྟེ་ གཙོ་རིམ་བཟུང་ཡི་ཟེར་ཨིན་པས།

སོ་ནམ་འགོ་དཔོན་ཚུ་གིས་ མཁོ་མངགས་འབད་མི་དང་འཁྲིལ་ཏེ་ ཚོད་བསྲེ་བསྡུ་ལེན་འབད་ཟེར་ མི་སེར་ཚུ་ལུ་ བརྡ་དོན་སྤེལ་དོ་ཡོདཔ་ད་ ལ་ལུ་ཅིག་གིས་ རྫོང་ཁག་གཞན་ཁ་ལས་ ཉོ་མི་ལྷོདཔ་ད་ བཏོགས་བྱིན་དོ་ཡོདཔ་ཨིན་པས།

དགྲ་མེད་རྩེ་རྒེད་འོག་གི་ སོ་ནམ་རྒྱ་སྐྱེད་འགོ་དཔོན་གོངམ་ རྡོ་རྗེ་ཚེ་རིང་གིས་འབད་བ་ཅིན་ རྒེད་འོག་ནང་ ཚོད་བསྲེ་སྡེ་ཚན་གཉིས་ཀྱིས་ ཚོད་བསྲེ་མང་ཤོས་ར་ བཀྲིས་སྒང་ཁྲོམ་ཁར་ འབག་འགྱོ་ནི་ཡོད་ཟེར་ཨིནམ་ད་ འགྲོ་འགྲུལ་བཀག་དམ་སྐབས་ ཚོད་བསྲེ་མང་ཤོས་ར་ བཀྲིས་སྒང་རྫོང་ཁག་ནང་ བཀྲམ་སྤེལ་འབད་ཡི་ཟེར་ཨིན་པས།

ཚོད་བསྲེ་བསྡུ་ལེན་འབད་ནི་ཡང་ ས་ཁོངས་ངོས་འཛིན་འབད་དེ་ཡོད་པའི་ཁར་ མི་སྤུངས་འཛོམས་མི་འབད་ནིའི་དོན་ལུ་ མི་རེ་གཉིས་དང་ ཁོང་གིས་ ག་དེམ་ཅིག་ ཐོན་སྐྱེད་འབད་དོ་ཡོདཔ་ཨིན་ན་ ཐོ་བཀོད་འབད་ཞིནམ་ལས་ བསྡུ་ལེན་འབད་དོ་ཟེར་ཨིན་པས།

ཚོད་བསྲེ་ཚུ་ཡང་ མེ་ཏོག་ཀོ་པི་དང་ འདབ་མ་ཀོ་པི་ ལ་ཕུག་དང་ལ་ཕུག་དམརཔོ་ མེ་ཏོག་ཧོན་ཚོད་ ཀེ་བ་ སྒོགཔ་ དེ་ལས་ སྲནམ་ཅུམ་ལ་སོགས་པ་ཚུ་ བཀྲམ་སྤེལ་འབད་ཡོདཔ་ཨིན་པས།

མོང་སྒར་རྫོང་ཁག་ནང་ ཨེ་མ་དང་ སྒོགཔ་ དེ་ལས་ བླམ་བན་ད་མ་གཏོགས་ ཚོད་བསྲེ་གི་དོན་ལུ་ རྫོང་ཁག་གཞན་ལུ་ རེ་མི་དགོ་ཟེར་ སོ་ནམ་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།

ད་ལྟོ་ ཐོན་པའི་བསྒང་ཡོད་མི་ ཚོད་བསྲེ་ཚུ་གིས་ སྤྱི་ཟླ་༡ པ་ཚུན་ ལང་ཚུགས་ནི་ཨིནམ་ད་ སྤྱི་ཟླ་༢ པ་ལས་ ས་ཁ་དམའ་སར་ཡོད་མི་ རྒེད་འོག་༤ དེ་ཅིག་ལས་ ཚོད་བསྲེ་ཚུ་ ཐོན་སྐྱེད་འབད་ཚུགས་ནི་ཨིན་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *